སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

སློབ་གསོ་སྔར་ལས་འདྲ་མཉམ་དང་གསོན་ཤུགས་ལྡན་པར་གཏོང་དགོས།

སྤེལ་དུས། 2017-01-18 10:57:14    རྡེབ་ཚད།
མཉམ་སྤྱོད་གནས།
   

                        སློབ་གསོ་སྔར་ལས་འདྲ་མཉམ་དང་གསོན་ཤུགས་ལྡན་པར་གཏོང་དགོས།

                        རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།  རྩོམ་སྒྱུར་བ། བསོད་ནམས་སྒྲོལ་མ།

མིང་གྲགས་ཆེ་བའི་སྒྲུང་རིང་༼སྤྱིར་བཏང་གི་འཇིག་རྟེན༽དུ་ཕུ་བོ་སུན་ཧྲོ་ཨེན་གྱིས་ནུ་བོ་སུན་ཧྲོ་ཕེང་ལ་བཤད་རྒྱུར། ཁྱིམ་ཚང་འདིའི་ནང་སློབ་གྲྭར་འགྲོ་མཁན་གཅིག་ཡོད་ཚེ། ཁྱིམ་ཚང་འདི་ལ་རེ་བ་ཡོད། སློབ་གསོ་ནི་སྤྱི་ཚོགས་འཁོར་སྐྱོད་ཀྱི་ཐབས་ཤིག་ཡིན་པས་ན། མི་རྣམས་ཀྱི་༼ཡོན་ཏན་གྱིས་ལས་དབང་བསྒྱུར་ཐུབ་པ༽དང་༼སློབ་གྲྭར་སོང་ན་རིན་ཐང་ཆེ་བར་སྨྲ་བ༽ སོགས་ཀྱི་རིན་ཐང་གི་ལྟ་བ་དེར་འགན་ཁུར་དགོས་ཀྱི་ཡོད་མོད། ཡིན་ན་ཡང་ས་ཁུལ་དང་ས་ཁུལ་བར་དང་གྲོང་བརྡལ་དང་གྲོང་ཁྱེར་བར་གྱི་སློབ་གསོའི་ཐོན་ཁུངས་ལ་བར་ཁྱད་ཡོད་པས། སློབ་གསོའི་འདྲ་མཉམ་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། ཁྱིམ་ཚང་གི་ཆ་རྐྱེན་མ་བཟང་ན་སློབ་གྲྭ་ཡང་བཟང་བོ་ཞིག་འགྲིམ་མི་ཐུབ། དེ་བཞིན་དུ་ལས་ཀ་ཡང་ཐབས་སྡུག་ཞིག་མ་གཏོགས་རྙེད་མི་སྲིད། དེ་བས། ཁྱིམ་ཚང་གི་ཆ་རྐྱེན་ཅུང་ཞན་པ་ཞིག་ནས་མི་བུ་འཇོན་ཐང་ཅན་ཞིག་འབྱུང་དཀའ་བ་ནི་དོན་དངོས་ཞིག་ཏུ་གྱུར་ཡོད།
དོན་དངོས་དེ་རིགས་བསྒྱུར་བཅོས་བྱེད་པར་ངེས་པར་སློབ་གསོ་འདྲ་མཉམ་ཅན་ཏུ་བསྒྱུར་དགོས་ལ། དེ་ནི་མི་ཚེའི་མགོ་རྩོམ་ས་དང་སྤྱི་ཚོགས་དྲང་བདེན་དང་དྲང་གཞག་མངོན་འགྱུར་ཡོང་བའི་རྨང་གཞི་དང་ཆེས་ནུས་ལྡན་གྱི་ཐབས་ལམ་ཞིག་ཡིན་ལ། ཁྱིམ་ཚང་གི་ཆ་རྐྱེན་ཅུང་ཞན་པའི་མི་བུ་དག་མི་ཚེ་དང་ལས་དབང་སྐྱོ་བོ་ལས་ཐར་ཐུབ་པའི་རེ་བ་ཞིག་ཀྱང་རེད། མཐའ་འཁོབ་ས་ཆར་སློབ་གསོའི་མ་དངུལ་ཇེ་མང་དུ་གཏོང་བ་དང་། མཐོ་རིམ་སློབ་གྲྭའི་འཚོ་བའི་ཆ་རྐྱེན་ཞན་པའི་མཐའ་འཁོབ་ས་ཁུལ་གྱི་སློབ་མ་བསྡུ་བའི་བསྡུར་ཚད་ཇེ་མང་དུ་གཏོང་བ།ཡང་ན་དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཁག་པོ་ཡིན་པའི་སློབ་མ་དང་གཞིས་ལུས་བྱིས་པ་སོགས་འཚོ་བའི་ཆ་རྐྱེན་སྐྱོ་བོ་ཡིན་པའི་དམིགས་བསལ་གྱི་མི་བུ་དག་ལ་འདྲ་མཉམ་གྱི་སློབ་གསོའི་ཐོབ་པར། ངེས་པར་དུ་འདྲ་མཉམ་གྱི་རྩ་དོན་ལྟར་རང་བྱུང་དང་སྤྱི་ཚོགས་ཀྱི་ཐོལ་བྱུང་རྐྱེན་ངན་དག་གིས་བཟོས་པའི་འདྲ་མཉམ་མིན་པ་རྣམས་བསྒྱུར་ཏེ།ས་ཁུལ་དབྱེ་འབྱེད་རང་བཞིན་དང་ས་ཁུལ་གྱི་ཆ་རྐྱེན་ཕན་ཚུན་འདྲ་མིན་ལྟར་སློབ་གསོ་འདྲ་མཉམ་མངོན་འགྱུར་བྱས་ནས་ཁྱིམ་ཚང་ཆ་རྐྱེན་གྱིས་བཀག་རྒྱ་ཐེབས་ཡོད་པ་རྣམས་ལ་གོ་སྐབས་མང་དུ་བསྩལ་དགོས།
ལས་བགོས་ལུགས་མཐུན་ཡིན་པའི་སྤྱི་ཚོགས་ཤིག་ལ་དགོས་པ་ནི་རིག་གཞུང་འཇོན་མི་རྐྱང་རྐྱང་མ་ཡིན་པར་ལག་རྩལ་མཁས་པ་ཡང་འབོར་ཆེན་ཞིག་མཁོ། འོན་ཀྱང་ད་ལྟའི་གནས་ཚུལ་ནི་ལས་རིགས་སློབ་གསོ་ལ་མིང་བྱང་རྫོབ་པོ་ཞིག་བཏགས་ཡོད་པས། སློབ་མ་མང་ཆེ་བས་ལུས་པོའི་ངལ་རྩོལ་བ་ཞིག་ལས་ཀླད་པའི་ངལ་རྩོལ་བ་ཆུང་ཆུང་ཞིག་ཡིན་པའི་དགའ་བའི་ཕྱོགས་རེས་རང་བཞིན་གྱི་བསམ་བློ་འཛིན་གྱི་ཡོད། དེ་བས་མི་དམངས་ཀྱི་སློབ་གསོའི་བསམ་བློའི་འདུ་ཤེས་ལ་བཅོས་བསྒྱུར་བྱེད་པ་ནི་མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་དོན་དངོས་ཤིག་ཏུ་གྱུར་ཡོད་ལ། རྒྱལ་ཁབ་ཀྱིས་ཀྱང་ལག་རྩལ་ལག་ལེན་སྐོར་གྱི་སློབ་གསོ་སྤེལ་རྒྱུ་དང་ཁྱད་ཆོས་ལྡན་པའི་སློབ་གླིང་སོགས་འཛུགས་སྐྱོང་བྱས་ནས་དེང་རབས་ཞིང་ལས་དང་། སྔོན་ཐོན་གྱི་བཟོ་སྐྲུན། ཞབས་ཞུའི་ལས་རིགས་སོགས་དགོས་མཁོ་ཆེ་བའི་འཇོན་མི་གསོ་སྐྱོང་བྱེད་རྒྱུ་ཡང་ཧ་ཅང་གལ། ལག་རྩལ་ལ་མཁས་བ་དག་ཁྲོམ་རའི་དཔལ་འབྱོར་ཁྲོད་དུ་གོ་སྐབས་ལེགས་པོ་དང་གླ་ཕོགས་མཐོ་ཤོས་རག་པ་དང་། སྤྱི་ཚོགས་ཀྱི་གདེང་འཇོག་མཐོ་བ་དང་བརྩི་བཀུར་བྱས་ན་ད་གཟོད་མི་མང་བོ་ཞིག་གིས་ལག་རྩལ་སློབ་གསོ་ཁས་ལེན་པ་དང་དེ་ལ་དགའ་བསུ་བྱེད་སྲིད།
དུས་མཚུངས་སུ། ཉིན་རེར་འགྱུར་བཞིན་པ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་དེང་གི་དུས་འདིར། སློབ་གསོ་ལའང་ཐོན་ཁུངས་གསར་བ་དུས་དང་མཐུན་པ་ཞིག་དགོས་པ་སྟེ། ཕྱོགས་གཅིག་ནས་དགེ་རྒན་གྱི་ཡོང་འབབ་ཇེ་མཐོར་གཏོང་བ་དང་འགན་སྲུང་བྱེད་པ་དང་། དགེ་རྒན་ལ་སྤྱི་ཚོགས་ཀྱིས་བརྩི་བཀུར་དང་ཁས་ལེན་བྱེད་པར་བྱས་ཏེ་མི་འཇོན་ཐང་ཅན་དང་ནུས་བ་ཅན་དགེ་རྒན་གྱི་གྲལ་དུ་འགུག་ཅི་ཐུབ་བྱེད་པ། ཕྱོགས་གཞན་ཞིག་ནས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། སློབ་གསོ་སློབ་ཁྲིད་དཔྱད་ཞིབ་ལམ་ལུགས་དང་མི་སྣ་བསྡུ་ལེན་ལམ་ལུགས་བཅོས་བསྒྱུར་བྱེད་པ། སློབ་མའི་ལག་ལེན་གྱི་ནུས་པ་དང་གསར་གཏོད་ཀྱི་ནུས་པ་མཐོར་འདེགས་དང་སྐྱེད་སྲིང་བྱེད་པར་སྣེ་སྟོན་དང་སྐུལ་མ་གཏོང་དགོས།
དེང་སྐབས་ཀྱི་སྤྱི་ཚོགས་ནི་ངའི་ནང་ཁྱོད་ཡོད་པ་དང་ཁྱོད་ཀྱི་ནང་དུ་ང་ཡོད་པའི་ཕན་ཚུན་ལ་རྟེན་ཅིང་འབྲེལ་བའི་རང་བཞིན་ཅན་ཞིག་ཡིན་པས། སློབ་གསོ་མཉམ་འབྲེལ་དང་སྒོ་འབྱེད་རྒྱ་བསྐྱེད་བྱ་རྒྱུ་ནི་ཐུན་མོང་ཅན་དུ་གྱུར་ཡོད་པའི་སྤྱི་ཚོགས་འདིའི་བླང་བྱ་ཡིན།
རྒྱལ་ཁབ་ཕྱི་ནང་མཉམ་འབྲེལ་གྱི་སློབ་གྲྭ་འཛུགས་སྐྱོང་གི་ཐབས་བཀོད་འཐུས་ཚང་དུ་གཏོང་བ་དང་། སློབ་གསོའི་རྒྱལ་སྤྱིའི་མཉམ་འབྲེལ་དང་བརྗེ་རེས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ།སྲིད་གཞུང་དང་ཁྲོམ་ར། སྤྱི་ཚོགས་ཀྱི་ནུས་ཤུགས་བཅས་ཕན་ཚུན་མཐུན་སྦྱོར་ཡོང་བ་མངོན་འགྱུར་བྱེད་པ། ཁེ་གཉེར་རང་བཞིན་ཅན་དང་ཁེ་གཉེར་མིན་པའི་དམངས་བཙུགས་སློབ་གྲྭར་ཁྱད་ཕྱེས་ནས་རྒྱབ་སྐྱོར་བྱེད་པ། སློབ་གསོ་ཆ་འཕྲིན་ཅན་ལ་བརྟེན་ནས་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ཅན་མཉམ་སྤྱོད་བྱས་ན། སློབ་གསོའི་ཐོན་ཁུངས་དོ་མཉམ་ཡོང་བར་ཕན་པ་མ་ཟད། གཉིས་ཕན་མཉམ་ལས་ཀྱི་ཕྱོགས་ལའང་ཕན་པ་ཆེན་པོ་ཡོད།
སློབ་གསོའི་ལས་དོན་ནི་རྒྱལ་ཇུས་དམངས་འཚོ་ལ་རག་ལས་བས། ཁེ་ཕན་དང་འཕེལ་རྒྱས་ཀྱི་བར་སྟོང་ལེགས་བཀོད་དང་བཅོས་བསྒྱུར་བྱས་ནས་གསོན་ཤུགས་ལྡན་པའི་སློབ་གསོ་འདྲ་མཉམ་ཅན་སྤེལ་ཏེ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས།

 

  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།