སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་གནད་བསྡུས།

སྤེལ་དུས། 2017-01-10 17:13:56    རྡེབ་ཚད།
མཉམ་སྤྱོད་གནས།
   

 

སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་གནད་བསྡུས།
                                    འཇམ་དཔལ་བློ་ཤེས་ནས།
ཐོག་མར་ཀུན་སློང་གི་སྦྱོར་བ།
༡བཤད་གྲྭ་དང་སྒྲུབ་གྲྭ་གང་ཡིན་ནའང༌། ཕྱག་དཔེ་གཟིགས་དགོས་པ་དང༌།ཐོས་བསམ་སློབ་གཉེར་བྱེད་དགོས་པ་ནི་ཆེས་ཤིན་ཏུ་གལ་ཆེ་བའི་གནས་ཤིག་ཡིན་ལ།དེ་ཡང་གནས་སྐབས་དང་མཐར་ཐུག་གི་གྲུབ་འབྲས་ལ་བསམ་བློ་ལ་བཏང་སྟེ་ཐོག་མའི་ཀུན་སློང་དེ་ཧ་ཅང་གལ་ཆེན་པོ་ཡིན།ཕྱག་དཔེ་གཟིགས་འདོད་ཀྱི་ཐོག་མའི་ཀུན་སློང་དང་མཐུན་པའི་དུས་ཀྱི་ཀུན་སློང་ཞིག་དགོས་པ་དང༌།ཤེས་པ་མ་ཡིན་པའི་དགེ་མི་དགེ་ཡོངས་རྫོགས་ཀུན་སློང་གཉིས་ཀྱིས་དགེ་མི་དགེར་བསྒྱུར་བ་ཡིན་པས་སློབ་གཉེར་བྱེད་པའི་སྐབས་སུ་ཡང་དེ་མཚུངས་ཡིན་པས་ཧ་ཅང་གལ་ཆེན་དུ་བཤད་པ་ཡིན།
༢ཡང་བར་དུ་གྲོགས་གཞན་དང་རིག་གནས་གཞན་ལ་འགྲམ་ཆུ་ལྡང་སྟེ་སློབ་གཉེར་བྱེད་རྒྱུའི་ཐོག་མའི་བསམ་བློ་དེ་ལ་རང་ཚུགས་བརྟན་པོ་མེད་པར་གྱུར་བ་འགའ་ཞིག་ནི།ཐོག་མའི་བསམ་བློའི་འགྲོ་སྟངས་དེ་གཞན་དང་གཞན་དུ་འགྱུར་འགྲོ་བ་མཐོང་སོང་བས།དེ་ལྟར་མི་གནང་བར་ས་ཆ་གཅིག་དང་སློབ་གཉེར་གྱི་གཞི་རྐང་གཅིག་ཏུ་གཞི་བཙུགས་མ་ཐུབ་པར་འགྱུར་བ་མང་པོ་འགྲོ་ངེས་དེ་ལ་གྲུབ་འབྲས་ལེགས་པོ་ཞིག་ཐོབ་རྒྱུ་ཧ་ཅང་ཁག་པོ་ཡིན་པས་གཟབ་དགོས་པ་དང༌།ཕྱི་ནང་གི་སྔོན་བྱོན་མཁས་པ་མང་པོ་རིགས་གཅིག་རྐང་འཛིན་གྱིས་མཁས་པ་གྱུར་ཅིང་དེ་ནི་ལེགས་ཆ་ཧ་ཅང་ཆེ་བས་དེ་ལྟར་བྱས་ན་ལེགས་པར་སེམས།
༣སྤྱིར་བླ་མ་སྤྲུལ་སྐུ་ཞིག་ཡིན་ན་སྨོས་ཅི་དགོས་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་ནའང་རང་རང་གི་དགོན་པ་ཞིག་དང་ནང་ཆོས་དང་འབྲེལ་བའི་ཕྱག་ལས་གང་གནང་དགོས་ན་ཡང་ཕྱག་དཔེ་གཟིགས་རྒྱུ་དེ་གལ་ཆེན་པོ་ཡིན་པས་དེ་ལུགས་ངོས་འཛིན་ཐུབ་པ་དགོས་པ་སོགས་ལ་ཐུགས་བསམ་བཞེས་དགོས།
བར་དུ་དངོས་གཞི་སློབ་གཉེར་བྱེད་ཕྱོགས།
༡དངོས་གཞི་དཔེ་ཆ་ལྟ་བའི་སྐབས་སུ་གཞུང་དོན་ཤེས་པའི་ཐབས་སུ་ཐོག་མར་དཔེ་ཁྲིད་དགེ་རྒན་ལེགས་པ་ཞིག་བཙལ་ནས་དེ་ལ་བརྩི་བཀུར་དང་གུས་ཞབས།གང་གསུངས་པའི་ལེགས་བཤད་དག་སོ་སོའི་ཉན་སྟངས་དང་བློ་ལ་འཛིན་སྟངས་ཡག་པོ་དགོས་པ་དང༌།བརྗེད་པར་ཕོངས་བ་དག་ལམ་སེང་དཔེ་ཀློག་གནང་དགོས་པ་དང་དེ་ལ་རྒན་གྱིས་གསུངས་པ་དེ་དེ་བཞིན་ནོ་ཞེས་མ་ལབ་པར་བརྟག་དཔྱད་དང༌།གཞུང་དང་འབྲེལ་བས་བསམ་བློ་བཏང་ནས་ཡར་རྒྱས་གཏོང་དགོས་པ་གལ་ཆེ་བ་ཡིན།
༢དཔེ་ཀློག་གནང་སྐབས་གཞུང་ཚན་པ་རེ་རེ་བཞིན་ཀློག་ནས་དེའི་ནང་དོན་གཙོ་བོ་གང་ཡིན་པ་དང༌།གཞུང་དེས་གང་སྒྲུབ་པ་དང་གང་བཀག་པ། དོན་དེ་དགག་སྒྲུབ་གནང་བའི་སྐབས་སུ་ལུང་ཁུངས་གང་ལ་བྱས་པ་དང༌།རིགས་པ་གང་གིས་སྒྲུབ་པ་སོགས་ལ་ནན་པོ་དང་ཞིབ་ཚགས་དགོས་པ་དང༌།སྐབས་དེ་དུས་རང་ཉིད་ལ་གཞུང་དོན་གོ་བ་ལེགས་པོ་བྱུང་བ་ཁག་དཔེ་ཆ་རང་ཉིད་དམ་ཟུར་དུ་ཟིན་བྲིས་ཀྱི་དེབ་ལྟ་བུ་ལ་ངེས་པར་མི་བརྗེད་ཐོ་ཡིག་བཀོད་དགོས་པ་ལས་ད་ལྟར་བརྗེད་མི་འགྲོ་བ་ལྟ་བུར་སྣང་ནའང་རྗེས་སུ་བརྗེད་ངེས་ཀྱི་རྐུན་པོས་ཁྱེར་འགྲོ་བས་བརྗེད་ཐོ་བཀོད་རྒྱུ་དེ་གལ་ཆེ་བ་ཡིན།གཞུང་གང་ཡིན་དེའམ་དེ་དང་འབྲེལ་ཡོད་ཀྱི་རྒྱ་གཞུང་སོགས་ལ་ལྟ་བའི་སྐབས་སུ་གཞུང་རང་ཉིད་ཀྱི་ནང་དོན་རྣམས་ལ་གོ་བ་རགས་རིམ་མ་རྙེད་བར་གཞུང་གཞན་ལ་ལྟ་བ་མང་ན་དཔེ་མང་ལྟ་བ་ཤེས་རབ་འཆལ་བའི་རྒྱུར་འགྲོ་བ་གསུངས་པ་དང་མཐུན་པ་ཡིན་པས་རྒྱས་བསྡུས་འཚམས་པའི་དཔྱད་ཚུལ་དགོས་པ་གལ་ཆེ།
༣བློ་འཛིན་བྱེད་ཕྱོགས་ཐད་བློ་རབ་འབྲིང་ཐ་གསུམ་ལ་སྦྱར་ནས་དབང་པོ་རབ་ཅིག་ཡིན་ན་རྩོད་གཞུང་གཞན་དང་བློ་འཛིན་གྱི་གཞུང་གཞན་ཡིན་ཀྱང་སྐྱོན་དེ་ཙམ་མེད་པ་དང༌།འབྲིང་ཡིན་ན་རྩོད་གཞུང་དེ་ཉིད་འཛིན་རྒྱུ་གལ་ཆེ་བ་དང༌།ཐ་མ་ཡིན་ན་གཞུང་དེ་ཆ་ཚང་མ་ཟིན་ནའང་དེའི་ནང་གི་གལ་ཆེ་བའི་མཚན་ཉིད་དང་དབྱེ་བ་དང་ལུང་འདྲེན་ཁག་སོགས་ཟིན་ནས་གཙོ་བོ་དཔེ་ཆ་ཀློག་དགོས་པ་དང་དེ་ལྟར་མ་བྱས་ན་དཔེ་ཆ་བའི་གྲལ་ནས་བུད་པའི་ཉེན་ཁ་ཆེ་བས་བློ་འཛིན་ལ་ཚོད་འཛིན་རང་བློར་འཚམ་པ་ཞིག་དགོངས་པ་བཞེས་དགོས་པ་ལས་ངལ་བ་འབྲས་མེད་འགྱུར་བའི་ཉེན་ཁ་ཤིན་ཏུ་ཆེ།
༤རྩོད་པ་རྩོད་སྟངས་ཐད།རྩོད་པ་དང་ལན་གང་གི་སྐབས་ཡིན་ཀྱང་དམིགས་བསལ་འགའ་ཞིག་མ་གཏོགས་པར་དུས་རྒྱུན་དུ་ཁ་འགོག་ཐུབ་ཙམ་གྱི་ལན་དང་རྩོད་པ་དེ་དུས་ཚོད་འཕྲོ་བརླག་གཏོང་བའི་རྒྱུ་ཆ་གཙོ་བོ་ཞིག་དང༌།སྐབས་དེ་དུས་བསམ་བཞིན་དུ་གྲགས་འདོད་དང་གཞན་དམའ་འབབ་འདོད་པ་དང༌།ཞེ་སྡང་དང་ཁྲོ་བས་ཀུན་ནས་སློང་སྟེ་ཚིག་རྩུབ་ངན་སེམས་ཀྱིས་རྩོད་པ་བྱས་པར་ཕན་ཐོགས་མེད་ཅིང་།དམྱལ་བའི་རྒྱུར་གསུངས་པས་ངེས་པར་གཟབ་དགོས་པ་དང༌།རྩོད་པའི་སྐབས་སུ་དོན་དག་ཆུང་ཙག་ལ་རྟག་པར་མགོ་མ་འཁོར་བར་གཞུང་དོན་གུང་འགྲིགས་ཐབས་དང༌།གཞུང་དོན་སྡོག་བསྒྲིལ་ཐབས་བྱེད་རྒྱུ་དང༌།དེ་ཡང་རང་དོན་རང་གཅེས་ཀྱིས་ཉིན་རེ་བཞིན་གཞུང་དོན་དེད་ནས་འགྲོ་དགོས་པ་དང་ཞིབ་ཚགས་དགོས་པ་ལས་རྗེས་སུ་གཞུང་གི་བར་བར་དུ་ནག་ཁུང་མང་པོ་ཐོན་རྒྱུ་ཡིན་པ་ཉམས་མྱོང་གི་ཐོབ་ནས་ཤེས་ཐུབ་པ་འདུག་པས་དེ་ལུགས་གཟབ་པར་འཚལ།
༥ སློབ་གྲྭ་ཁག་ནས་དཔེར་ན།སློབ་ཐོན་པ་སུ་ཞིག་ཡིན་ཡང་སྐད་ཡིག་གམ་སློབ་ཚན་དེའི་ནང་དོན་རགས་རིམ་མི་ཤེས་མཁན་མེད་པ་ལྟར།ང་རང་ཚོ་ཡང་འཛིན་གྲྭ་ཐོན་པའི་ཚེ་གཞུང་བཀའ་པོད་ལྔའི་ནང་གི་དོན་དག་གལ་ཆེ་བ་ཁག་ངོ་སྤྲོད་བྱེད་ཐུབ་པ་དགོས་པ་ལས་འཛིན་གྲྭ་ཐོན་ནས་གཞུང་གི་ནང་དོན་དང་འབྲེལ་བའི་ཚོར་སྣང་གང་ཡང་མེད་པ་ལྟ་བུ་མང་པོ་ཡོང་བཞིན་འདུག་པ་སྤྱིར་གྲྭ་ཚང་དང་ཁམས་ཚན་གྱི་གོ་སྒྲིག་ལ་འབྲེལ་བ་གཏན་ནས་མེད་པ་མིན་པ་འབྲེལ་བ་ཅུང་ཟད་ཙམ་ཡོད་པ་ལས་གཙོ་བོ་རང་རང་སོ་སོའི་བརྩོན་འགྲུས་ལ་རག་ལས་པས་ལེ་ལན་གཞན་ལ་ཁ་བཀྲི་ས་མེད་པས་སོ་སོའི་ངོས་ནས་གཟབ་དགོས་པ་ལས།གྲྭ་ཚང་གིས་མི་འགྲིག་པ་དང་ཁམས་ཚན་གྱིས་མ་འགྲིག་པ་རྐྱང་རྐྱང་བཤད་ན་ཕན་ཐོགས་མེད་པ་མ་ཟད།མི་དེ་ལ་ཁྱོད་རང་གིས་བྱས་ན་སློབ་སྦྱོང་གང་འདྲ་བྱེད་དགོས་ཞེས་འདྲི་ན་ཆ་གཞི་དང་བཀོད་སྒྲིག་གང་ཡང་མེད་པར་ཐག་གཅོད་བྱེད་ཐུབ་པ་ཞིག་རེད་ལ་དེ་ཚོས་སློབ་སྦྱོང་བྱེད་སྟངས་ལ་བལྟས་ན་ཤེས་རྒྱུ་ཡིན།དེ་འདྲ་སོང་ཙང་རང་དོན་རང་གཅེས་བྱས་ནས་སློབ་གཉེར་བྱེད་རྒྱུ་ནི་གནད་ཀྱི་དོན་པོ་ངོ་མ་ཡིན།
ཐ་མ་མཇུག་གི་གྲུབ་འབྲས།
མཇུག་ཏུ་སློབ་སྦྱོང་བྱས་པའི་གྲུབ་འབྲས་གཙོ་བོ་བསྟན་པ་སྤྱི་དང་བྱེ་བྲག་ཏུ་གདན་ས་འདི་ལྟ་བུ་མཚོན་ན་རི་བོ་དགེ་ལྡན་པའི་གདན་ས་ཡིན་པས་འཇམ་མགོན་བླ་མའི་བསྟན་པ་རྒྱས་ཐབས་དང༌།རྒྱས་དགོས་པའི་རྒྱུ་མཚན་ཡང་འགྲོ་བའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན་པས་དང༌།དེ་ཡང་རང་གཞན་གྱི་རྒྱུད་ལ་འཕྲལ་ཡུན་གྱི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཐུབ་པའི་ཆོས་ལུགས་དེ་སྲུང་སྐྱོབ་དང་ཡར་རྒྱས་དང་གོང་འཕེལ་བྱེད་རྒྱུ་ནི་གྲུབ་འབྲས་གཙོ་བོ་ཞིག་ཡིན་པས་རང་རང་སོ་སོའི་ནུས་མཐུ་ལ་དཔག་པའི་གྲུབ་འབྲས་རེ་ཐོན་ཐུབ་པ་དགོས་པ་དང༌།དེ་ཡང་ཆོས་དང་ཆོས་མིན་གྱི་དབྱེ་འབྱེད་ཤེས་པ་དང༌།རྒྱུ་དངོས་དང་ཆབ་སྲིད་ཀྱི་ལག་ཆ་རུ་མ་སོང་བར་དྲང་བདེན་གྱི་ལམ་ནས་ཕེབས་ཐུབ་པ་ཞིག་དགོས་པ་ནི་དུས་སྐབས་འདིའི་ནང་དུ་ཆེས་དགོས་མཁོ་ཆེ་བའི་དོན་ཆེན་ཞིག་ཡིན་པར་མཐོང་སོང་བས་ཚང་མས་ཐུགས་ལ་འཇོག་རོགས་གནང་ཞུ་རྒྱུ་དང༌།ངས་ཞུས་པ་དེ་དག་ལས་ལེགས་ཆ་རེ་ཡོད་ན་ལེན་རོགས་ཞེས་རེ་བསྐུལ་དང༌།སྐྱོན་དང་ནོར་འཁྲུལ་ཡོད་ན་ང་རང་གིས་མ་ཤེས་པའི་ལན་པ་རང་ཡིན་པས་དགོངས་འགལ་མེད་པར་ཞུ་རྒྱུ་ཡིན་པས་དེ་ལུགས་ཐུགས་ལ་འཇོག་རོགས་གནང༌།
  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།