སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

དགེ་རྒན་གྱིས་སློབ་ཁྲིད་ལ་མནོ་བསམ་ཞིབ་མོ་བྱ་དགོས་པའི་རགས་ཙམ་གླེང་བ།

སྤེལ་དུས། 2017-04-11 09:34:39    རྡེབ་ཚད།
མཉམ་སྤྱོད་གནས།
   

 

  དགེ་རྒན་གྱིས་སློབ་ཁྲིད་ལ་མནོ་བསམ་ཞིབ་མོ་བྱ་དགོས་པའི་རགས་ཙམ་གླེང་བ།
 ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་ཀླུ་རྒྱལ་ཚེ་རིང་།  
 མནོ་བསམ་ཞིབ་མོ་གཏོང་རྒྱུ་ནི་དགེ་རྒན་རང་ཉིད་འཕེལ་རྒྱས་ཀྱི་ནང་རྐྱེན་གལ་ཆེན་ཞིག་དང་། དགེ་རྒན་གྱི་བསམ་གཞིག་ནུས་པ་མཐོར་འདེགས་བྱེད་པ་ནི་ལས་རིགས་བྱང་ཚད་ཡར་སྐུལ་གྱི་ཐབས་དམ་པ་ཞིག་ཏུ་སྣང་བས། སློབ་ཁྲིད་ལག་ལེན་ཁྲོད་དགེ་རྒན་གྱིས་བྱེད་ཐབས་སྣ་མང་ཕྱོགས་བསྡུས་ཀྱིས་བཀོལ་སྤྱོད་བགྱིས་ཏེ་སློབ་གསོ་སློབ་ཁྲིད་ཀྱི་བྱ་བར་བསམ་གཞིག་བྱས་ནས་རང་ཉིད་ཀྱི་ཆེད་ལས་བྱང་ཚད་འཕེལ་རྒྱས་སུ་གཏང་དགོས།
    གཅིག གཞུང་ལུགས་སློབ་སྦྱོང་ལ་ཤུགས་བསྣན་ནས་སློབ་གསོའི་བསམ་བློ་གསར་བ་སྒྱུར་དགོས།
    གཞུང་ལུགས་སློབ་སྦྱོང་དང་བསམ་གཞིག་བྱེད་པ་ཟུང་དུ་འབྲེལ་ན། སློབ་སྦྱོང་གིས་གྲུབ་འབྲས་མཐོ་རུ་འདེགས་ཐུབ། གཞུང་ལུགས་སློབ་སྦྱོང་གི་རྣམ་པ་སྣ་མང་ཅན་དུ་བསྒྱུར་ཆོག་སྟེ། སློབ་གྲྭས་ཐུན་མོང་དུ་སློབ་སྦྱོང་བྱ་འགུལ་སྤེལ་བའམ་ཡང་ན་སློབ་དཔྱོད་ཚན་ཆུང་དང་སློབ་རིམ་ཚོ་ཆུང་། མི་སྒེར་གང་རུང་གིས་སློབ་སྦྱོང་གི་བྱ་འགུལ་སྤེལ་ནའང་ཆོག་ལ། དགེ་རྒན་གྱིས་སློབ་སྦྱོང་གི་བྱ་རིམ་དུ་མྱོང་ཚོར་ཟབ་ཅིང་ཤེས་བྱ་གསར་བའི་རིགས་གནད་བཤུ་བྱེད་པ་དང་། སློབ་གསོའི་ཟིན་བྲིས་དང་དཔྱད་རྩོམ་འབྲི་དགོས་ཏེ། དཔེར་ན། བསླབ་ཚན་ཚད་གཞི་དང་སློབ་ཁྲིད་རྩ་འཛིན་གཤིབ་བསྡུར་དང་། ཡང་ན་སློབ་དེབ་གསར་རྙིང་གཉིས་ཀ་བསྡུར་ནས་དགེ་སྐྱོན་ལ་ཞིབ་འཇུག་དང་དབྱེ་ཞིབ་གཏིང་ཟབ་བྱ་དགོས་ཤིང་། གཟའ་འཁོར་རེར་རྩོམ་ཡིག་ཚར་གཅིག་རེ་ཀློག་པ་དང་། ཟླ་རེར་དཔེ་ཀློག་ཟིན་བྲིས་དང་སློབ་སྦྱོང་གི་མྱོང་ཚོར་འབྲི་བ། སློབ་སྐབས་རེར་སློབ་སྦྱོང་གི་སྤྱི་སྡོམ་འབྲི་བ་བཅས་རྒྱུན་འཁྱོངས་བྱས་ནས། གཞུང་ལུགས་སློབ་སྦྱོང་གི་ཁྲོད་ནས་བསམ་གཞིག་དང་། བསམ་གཞིག་བྱེད་པར་བསྟུན་ནས་གོང་འཕེལ་ཡོང་བ་བྱས་ཏེ། གཞུང་ལུགས་བྱང་ཚད་མཐོར་འདེགས་ཡོང་བར་རྨང་གཞི་ལེགས་པོ་འདིང་རྒྱུ་ནི་དགོས་ངེས་ཤིག་རེད།
    གཉིས། སློབ་ཁྲིད་ཀྱི་གོ་རིམ་ཧྲིལ་བོར་བསམ་གཞིག་བྱས་ནས་སློབ་ཁང་སློབ་ཁྲིད་ཀྱི་སྤུས་ཚད་གོང་དུ་སྤེལ་དགོས།
    སློབ་ཁྲིད་བསམ་གཞིག་ཏུ་སློབ་ཁྲིད་དམིགས་ཡུལ་དང་ནང་དོན། བྱེད་ཐབས། གདེང་འཇོག་བྱེད་ཚུལ་སོགས་སློབ་ཁྲིད་དང་འབྲེལ་བའི་ཕྱོགས་མང་པོར་བསམ་ཞིབ་བྱེད་རྒྱུ་འདུས་ཤིང་། དེས་སློབ་ཁྲིད་ཀྱི་མགོ་མཇུག་བར་གསུམ་ཀུན་ལ་ཁྱབ་པ་རང་རེད། དེས་ན་སློབ་ཁྲིད་སྔོན་གྱི་བསམ་གཞིག་ནི་ཐུན་སྔོན་མའི་སློབ་ཁྲིད་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་གདེང་འཇོག་བྱེད་པ་བརྒྱུད་དེ་སློབ་ཁྲིད་ལག་ལེན་གྱི་འབྲས་བུར་ཕྱོགས་སྡོམ་གྱི་རྨང་གཞིའི་ཐོག་སྔར་ཡོད་ཀྱི་སློབ་ཁྲིད་ཉམས་མྱོང་བེད་སྤྱོད་དང་། གཞན་གྱི་ཐབས་ཤེས་ལེགས་པོ་དཔྱད་གཞིར་བཟུང་སྟེ། སློབ་ཁྲིད་གྲ་སྒྲིག་ཆེས་ལེགས་པའི་ཚད་ལ་བསླེབ་པ་བྱ་དགོས། སློབ་ཁྲིད་ཁྲོད་ཀྱི་བསམ་གཞིག་ནི། དགེ་རྒན་ཕུལ་དུ་བྱུང་བ་ཞིག་ལ་ཤེས་བྱའི་ཆུ་ཚད་མཐོན་པོ་ཡོད་དགོས་པར་མ་ཟད། སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་དགོས་ཤིང་། རྙོག་འཛིང་ཅན་གྱི་སློབ་ཁང་སློབ་ཁྲིད་དུ་ཤེས་ཚོར་རྣོན་པོས་གནད་དོན་རྙེད་པར་བྱས་ནས་དུས་ཐོག་ཏུ་དག་བཅོས་བྱ་དགོས་ལ། དགེ་རྒན་གྱིས་དུས་རྒྱུན་རང་ཉིད་ཀྱི་སློབ་ཁྲིད་སྤྱོད་ལམ་ལ་བསམ་གཞིག་བྱེད་པར་དོ་སྣང་བྱས་ན་གོང་གི་གནད་དོན་དག་གཞི་ནས་ཐག་གཅོད་ལེགས་པོ་ཡོང་ཐུབ་བོ། །སློབ་ཁྲིད་རྗེས་ཀྱི་བསམ་གཞིག་ནི་སློབ་ཁྲིད་རྗེས་སུ། སློབ་ཁྲིད་ཀྱི་གོ་རིམ་དང་གྲུབ་འབྲས་ལ་གདེང་འཇོག་དང་ཉམས་མྱོང་བསྡུ་ལེན། སློབ་ཁྲིད་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་གསོག་ཉར་སྒོས་སློབ་ཁྲིད་དགེ་སྐྱོན་ལ་གཏིང་ཟབ་ངང་ཞིབ་དཔྱད་བགྱིས་ཏེ། དུས་རྒྱུན་གྱི་ལག་ལེན་དང་བསམ་གཞིག ཕྱོགས་སྡོམ། སྙིང་བསྡུས་བཅས་ཀྱི་ཐབས་ཤེས་ལ་བརྟེན་ནས་སློབ་ཁྲིད་སྒྱུ་རྩལ་རིམ་བཞིན་མཐོ་རུ་འདེགས་དགོས།
    གསུམ། བསམ་གཞིག་གི་ཐབས་ལམ་སྣ་མང་ཟུང་འབྲེལ་གྱིས་སློབ་ཁྲིད་ཀྱི་ནུས་རྩལ་ཇེ་མཐོར་གཏང་དགོས།
    དགེ་རྒན་གྱི་ཐབས་ལ་མཁས་པའི་ཇུས་འགོད་དང་། གནད་བསྟུན་བཀོད་སྒྲིག སློབ་མའི་ཕུལ་བྱུང་གི་རྣམ་པ་སོགས་དར་སྤེལ་བྱེད་རིགས་པ་དག་དང་། སློབ་སྦྱོང་གི་ནང་དོན་གནད་བཤུ་དང་དབྱེ་ཞིབ་བྱས་ནས་གསོན་ཉམས་ལྡན་པའི་སློབ་ཁྲིད་ཅིག་གྲུབ་པ་བྱ་དགོས། ཁྲིད་རྗེས་ཟིན་ཐོ་ཡང་གལ་ཆེ་སྟེ་སློབ་ཁྲིད་ཀྱི་དོན་གལ་བོ་ཆེ་དང་། བརྡར་ཤ་གཅོད་དཀའ་བ། གོ་བ་གསར་བ་རྙེད་པའི་སྐོར་ཟིན་ཐོ་འགོད་རྒྱུར་མ་ཟད། སློབ་མའི་སློབ་སྦྱོང་གི་རྣམ་འགྱུར་དང་། དགེ་རྒན་གཞན་གྱི་བསམ་འཆར་དང་གྲོས་གཞི་དག་ཟིན་ཐོ་རུ་བཀོད་དེ་ཞིབ་འཇུག་གི་དཔྱད་གཞིར་འཛིན་པ་དང་། ད་དུང་ཁ་གསབ་ཀྱི་ཐོ་འགོད་ཡང་མེད་དུ་མི་རུང་ལ། དུས་ཐོག་ཏུ་ཐག་གཅོད་མ་ཐུབ་པའི་གནད་དོན་ལ་དུས་ཚོད་ངེས་ཅན་གྱི་ཚོར་ཤེས་བརྒྱུད་དེ་ཁ་གསབ་བྱས་ན། སློབ་ཁྲིད་ཀྱི་གནད་དོན་དག་སེལ་བྱེད་པར་ཕན་ལ། སློབ་ཁྲིད་ཀྱི་འབྲས་བུའང་མཐོར་འདེགས་བྱུང་ནས་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པར་གཏོང་ཐུབ། བསམ་གཞིག་ཉིན་ཐོ་བྲིས་ན་ཕན་ཐོགས་ཆེ་སྟེ། ཕྱོགས་ཡོངས་ལ་བསམ་བློ་ཞིབ་ཏུ་བཏང་ན་བསམ་གཞིག་གི་གོམས་གཤིས་སྐྱེད་སྲིང་བྱེད་པར་ཕན་ཞིང་། ད་དུང་སློབ་གསོ་རིག་པ་དང་སེམས་ཁམས་རིག་པའི་རྩ་བའི་རིགས་པར་བརྟེན་ནས། བརྡར་གཅོད་ཀྱི་མིག་ཟུང་གིས་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་བོར་ཞིབ་ལྟ་དང་ཕྱིར་དྲན་བྱ་ཐུབ་པར་མ་ཟད། སློབ་ཁྲིད་ཀྱི་ཚད་གཞི་དང་དམིགས་ཡུལ། ནང་དོན། བྱེད་ཐབས། སྐད་བརྡ། ཉམས་འགྱུར། སྒོ་སམ་ཇུས་འགོད་སོགས་ལ་ཡང་དང་བསྐྱར་དུ་བསམ་གཞིག་བྱས་ནས། རང་ཉིད་ཀྱི་སློབ་ཁྲིད་ལྟ་ཚུལ་དང་སྤྱོད་ལམ་ལ་དབྱེ་ཞིབ་བྱས་ཏེ་དྲང་ལྡོག་ཕྱོགས་གཉིས་ཀྱི་སློབ་ཁྲིད་ཉམས་མྱོང་དང་བསླབ་བྱར་ཕྱོགས་སྡོམ་བྱས་ནས། འདུ་ཤེས་བརྟན་ཞིང་དམིགས་ཡུལ་གསལ་བའི་སྒོ་ནས་སློབ་ཁྲིད་ཀྱི་སྤྱོད་ལམ་ལེགས་པོ་ཞིག་བཞེང་སྐྲུན་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེའོ། །
 
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།