སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

བསླབ་ཚན་གསར་བའི་ཁྲོད་ཀྱི་ཡི་གེ་ངོས་འཛིན་སློབ་ཁྲིད་ཐད་ཀྱི་བསམ་ཚུལ་ཐོར་བུ།

སྤེལ་དུས། 2017-04-05 08:14:10    རྡེབ་ཚད།
མཉམ་སྤྱོད་གནས།
   

༄༅། །བསླབ་ཚན་གསར་བའི་ཁྲོད་ཀྱི་ཡི་གེ་ངོས་འཛིན་སློབ་ཁྲིད་ཐད་ཀྱི་བསམ་ཚུལ་ཐོར་བུ།

·         ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པ་པོ།   སངས་རྒྱས་ཚེ་རིང་།      
ཡི་གེ་ངོས་འཛིན་གྱི་སློབ་ཁྲིད་ནི་སློབ་ཆུང་སྐད་ཡིག་སློབ་ཁྲིད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཏེ། འདིས་སློབ་མའི་ལྟ་ཞིབ་ཀྱི་ནུས་པ་དང་ཡིད་འཛིན་གྱི་ནུས་པ། བསམ་གཞིགས་ཀྱི་ནུས་པ། སློབ་སྦྱོང་གི་གོམས་གཤིས་བཅས་གསོ་སྐྱོང་བྱེད་པར་ནུས་པ་ཆེན་པོ་ཐོན་ཡོད། ཡི་གེ་ནི་སྒྲ་གཟུགས་དོན་གསུམ་གྱི་ཕུང་བོ་ཞིག་ཡིན་པས་ངོས་འཛིན་བྱེད་པ་ལའང་སྒྲ་གཟུགས་དོན་གསུམ་ནས་ཡི་གེ་ངོས་འཛིན་བྱེད་དགོས་སྟབས་འདིར་དེའི་ཐད་ནས་སློབ་ཁྲིད་བྱེད་ཚུལ་རགས་ཙམ་ཞུས་པ་ལ་གཟུར་གནས་དཔྱོད་ལྡན་དག་གིས་མཛུབ་སྟོན་གནང་བར་བྱ།
དང་པོ། སྒྲ་གདངས་སློབ་ཁྲིད།
བོད་ཡིག་ནི་མགོ་འདོགས་འཕུལ་རྟེན་བཅས་ཀྱིས་གྲུབ་པའི་སྒྲ་ཚན་སྦྱོར་ཀློག་གི་ཡི་གེ་ཞིག་ཡིན་ཞིང་། གཟུགས་དང་གདངས་གཉིས་མཐུན་པར་སོང་སྟབས་ཀློག་ལ་བྱང་བའི་བྱིས་པ་ཡན་ཆད་ཀྱིས་ཡི་གེ་ཀློག་མི་ཐུབ་པ་མེད་པ་ལྟར་སྣང་མོད། ཡིན་ནའང་བོད་ཁམས་སུ་ཡི་གེ་ཀློག་སྟངས་མི་མཐུན་པ་སྣ་ཚོགས་བྱུང་བས་དེང་གི་ཆ་འདིར་ལུང་བ་རེ་ལ་སྐད་རིགས་རེ་བྱུང་བའི་ཤུགས་རྐྱེན་འོག་བོད་སྤྱི་ལ་ཁྱབ་པའི་ཀློག་སྟངས་ཤིག་ཕར་ཞོག ཐ་ན་ཡུལ་སྐད་སོ་སོའི་ནང་དུའང་ཀློག་སྟངས་ལ་ཁྱད་པར་ཆེ་བར་གྱུར་བ་འདིས། ཡི་གེ་ངོས་འཛིན་སློབ་ཁྲིད་སྤྱི་དང་སྒོས་སུ་སྒྲ་གདངས་སློབ་ཁྲིད་དུ་དཀའ་ཁག་མི་ཉུང་བ་ཞིག་བཟོས་དང་བཟོ་བཞིན་འདུག སྒྲ་གདངས་སློབ་ཁྲིད་ནི་ཡི་གེ་ངོས་འཛིན་སློབ་ཁྲིད་ཀྱི་ཐོག་མ་ཡིན་པས་དེ་ལ་སྦྱང་བ་ནན་མོ་ཞིག་འགྲོ་ཐུབ་ན་ཡི་གེའི་གོ་དོན་སློབ་ཁྲིད་སོགས་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་ཞོར་ནས་འཛིན་ཐུབ་ལ། འདི་ནི་སྦྱོར་ཀློག་ཡི་གེ་དང་འདྲ་གཟུགས་ཡི་གེ་གཉིས་ཀྱི་ཁྱད་པར་གཙོ་བོ་ཡིན་པས། ཁྱད་པར་དེ་ལ་ཐུགས་གཞིགས་ཟབ་མོ་མ་གནང་བར་སྐད་ཡིག་བསླབ་ཚན་ཚད་གཞི་རུ་རྒྱ་ཡིག་གི་དམིགས་ཚད་ཇི་བཞིན་དུ་བསྒྱུར་འདུག་པ་ནི་ཞྭ་དཔེ་ལྷམ་འགེབས་ཀྱི་དཔེ་རུ་གྱུར་འདུག་སྙམ། འདི་ལ་རང་རེའི་སློབ་དཔོན་ཐོན་མི་བཀའ་དྲིན་ཅན་གྱིས་བརྩམས་པའི་སུམ་ཅུ་བའི་རྩ་བར། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོ་ང་རོ་རྣམས་ལ་སྦྱངས། །ཞེས་གསུངས་ཤིང་། ཕྱིས་བྱུང་མཁས་པ་རྣམས་ཀྱིས་ཀྱང་སྒྲ་ཤེས་ན་དོན་ལ་མི་རྨོངས་ཞེས་པ་སོགས་ཀྱིས་སྒྲའི་དག་ཆ་གལ་ཆེ་བར་བརྗོད་པ་མ་ཡིན་ནམ། མགོ་འདོགས་དང་འཕུལ་རྟེན་མིང་གཞི་དང་བཅས་པ་སྦྱར་བའི་སྒྲའི་དྲག་ཞན་དང་། ལྕི་ཡང་སྡེབ་ལུགས་ཀྱི་ཁྱད་པར་ཤིན་ཏུ་གསལ་བ་ནི་བོད་ཡིག་གི་ཁྱད་ཆོས་གཞན་ན་མེད་པ་ཞིག་ཡིན་པས། ང་ཚོས་སྒྲ་གདངས་སློབ་ཁྲིད་དུ་སུམ་རྟགས་ཀྱི་རྩ་བ་དང་བློ་གསལ་དགའ་སྟོན་སོགས་སྒྲ་གཞུང་ཁུངས་བཙུན་པ་དག་གཞིར་བཟུང་སྟེ། ཐོག་མར་ཀ་ལ་སོགས་པའི་ཡི་གེ་རེ་རེའི་གདངས་ཀྱི་ང་རོ་རྣམས་རང་རང་གི་སྐྱེ་གནས་ལྟར་སྒྲ་དམན་ལྷག་དང་བྲལ་བར་སྦྱང་བར་བྱ་བ་དང་། དེ་ནས་མགོ་འདོགས་དང་འཕུལ་རྟེན་མིང་གསུམ་སྦྱར་བའི་ཀློག་སྟངས་མ་ནོར་བར་སྦྱང་རྒྱུ་དང་། མཐའ་མར་ཟློས་ཧྲལ་གྱི་སྒྲའི་རྣམ་པ་མ་ཉམས་པར་གོམ་པ་རིམ་བགྲོད་ཀྱིས་(དགེ་རྒན་དགེ་འདུན་ལགས་ཀྱི་བོད་ཡིག་སྟངས་འོད་སྡེར་ལྟར་)བཀླགས་ན་དོན་གྱི་ཁྱད་པར་ཆུ་དྭངས་ཉ་མོ་བཞིན་གསལ་བོར་འཆར་ཐུབ་སྙམ། སྔོན་འཇུག་ལྔ་སྦྱར་བའི་ཀློག་སྟངས་ལ་ས་སྐྱ་བསོད་ནམས་རྩེ་མོའི་བྱིས་པ་འཇུག་པའི་སྒོ་རུ། གས་འཕུལ་ཐོག་མར་རྐན་ནས་དབྱུང་། །དས་འཕལ་ལྕེ་རྩེ་གློད་པ་ལས། །བ་མས་འཕུལ་བ་ཐོག་མར་ནི། །མཆུ་བཙུམ་མ་ལ་ཁྱད་པར་སྣ། །འས་འཕུལ་གྲེ་བའི་ཕུག་ནས་དབྱུང་། ། །ཞེས་གསུངས་པ་ལྟར་མིང་གཞི་གཅིག་ལ་སྔོན་འཇུག་མི་འདྲ་བ་སྦྱར་བ་དཔེར་ན།
མགོ-བགོ-འགོ-དགོ་སོགས་བསྡུར་ཏེ་སྒྲ་གདངས་ཀྱི་གོ་འབྱེད་པ་ལྟ་བུའོ། །ཞོར་དུ་དག་ཡིག་མཁས་པ་དགའ་སྐྱེད་དུ། ལྷ་བཙུན་བཟའ་བཏུང་གདུ་བུ་དང་། །ལེ་བརྒན་སོགས་ལ་བ་མཐའ་ནོར། །རྒྱ་འདྲེ་ཁ་མཆུ་ར་མདའ་དང་། །ར་མཉེས་ན་བཟའ་རྩྭ་མཆོག་གྲོང་། །རྒྱ་མཚོ་སོགས་ལ་མ་མཐའ་ནོར། །ཞེས་མཚོན་པ་ལྟར་སྒྲ་གདངས་སློབ་ཁྲིད་དུ་ལས་དང་པོ་བ་དག་ནོར་ཉེན་ཆེ་བ་དག་དམིགས་སུ་བཀར་ཏེ་མཛུབ་སྟོན་བྱ་དགོས། དཔེར་ན། ང་རྒྱལ། ར་མདའ། བདེ་མཆོག་སོགས་ལ་མཚོན་ན།ཚིག་གྲོགས་ཕྱི་མའི་ར་མགོ་དང་སྔོན་འཇུག་དེ་མཐའ་རྟེན་ལྟར་ཀློག་དགོས་པ་ལྟ་བུའོ། །
ལོ་རིམ་ཇེ་མཐོར་སོང་སྟེ་ཡི་གེ་མང་པོ་ངོས་འཛིན་པ་དང་བསྟུན་ནས་སྒྲ་མཚུངས་དང་སྒྲ་ཉེ་བའི་ཡི་གེའང་ཇེ་མང་ནས་ཇེ་མང་དུ་འགྱུར་བས། སྒྲ་གདངས་སློབ་ཁྲིད་དུ་དབྱངས་གསལ་གྱི་ཀློག་སྟངས་སྤྱི་དང་།    སྒོས་སུ་མགོ་འདོགས་འཕུལ་རྟེན་སོགས་སྦྱར་བའི་བཀླག་སྟངས་འཁྲུལ་བ་མེད་པའི་རྒྱུན་བསྲིངས་ཐོག སློབ་དཔོན་དོར་ཞི་མཆོག་གིས་བསྟན་པ་ལྟར་སྐད་ཆའི་འཁོར་ཡུག་དང་འབྲེལ་ཏེ་མིང་བརྡའི་བྱེད་ལས་ཀྱི་དབྱེ་བ་ལྟར་སྒྲ་ལ་དབྱེ་བ་ཡོད་པ་དཔེར་ན། ལྟ་བ་ཞེས་པ་མིང་ལ་འཇུག་སྐབས་ལྟ་སྒྲ་ལྕི་ཞིང་བ་སྒྲ་ཡང་བར་འདོན་པ་དང་། ཁྱད་གཞི་བརྗོད་པའི་མིང་ལ་འཇུག་སྐབས་ལྟ་སྒྲ་དང་བ་སྒྲ་གཉིས་ཀ་ཡང་བར་འདོན་པ་ལྟ་བུ་དང་། ཡང་མིང་དང་ཕྲད་ཀྱི་སྒྲ་གདངས་ལའང་དབྱེ་བ་ཡོད་པ་དཔེར་ན། གདབ་བྱའི་ཞིང་། ཤིང་སྡོང་གི་ཤིང་། ལྕི་ཡང་གི་ཡང་སོགས་མིང་རྣམས་སྒྲ་ལྕི་ཞིང་མར་མནན་ཏེ་འདོན་པ་དང་། གསལ་ཞིང་རིག་པ། གས་ཤིང་ཆག མཐོ་ཡང་མཐོ་སོགས་ཕྲད་རྣམས་སྒྲ་ཡང་ཞིང་ཡུན་ཐུང་བར་ཀློག་དགོས་ཞེས་གསུངས་པ་ལྟར་ཀློག་གི་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་ཀྱི་ལག་ལེན་དུ་བསྟར་རྒྱུ་དང་། དེ་དག་གཞིར་བཟུང་ཐོག་འབྲེལ་ཡོད་ལས་ཁུངས་ཀྱིས་དབུ་ཁྲིད་དེ་ཁ་སྐད་དམ་ཡང་ན་སྤྱི་སྐད་ཀྱི་སློབ་དེབ་ཚད་ལྡན་ཞིག་རྩོམ་སྒྲིག་བྱས་ཤིང་། དེར་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་གནས་དང་པོ་ན་ཡོད་པའི་བོད་ཀྱི་དགེ་རྒན་དང་བོད་ཀྱི་རིག་གནས་ལས་དོན་གཉེར་བ་དག་གིས་བསླབས་ནས། དེའི་རྒྱུགས་འབྲས་ལས་གནས་སུ་ཞུགས་པའི་ཚད་གཞི་ཞིག་ཏུ་བརྩི་བ་དང་། ཁྲིད་ཚན་གྱི་བཀོད་སྒྲིག་ཐད་ལོ་རིམ་དང་པོ་དང་གཉིས་པར་སྒྲ་གཟུགས་དོན་གསུམ་ལས་སྒྲ་སྟེ་ཀློག་སྟངས་གནད་དུ་བཟུང་ནས་དེ་ལ་གོམས་པར་སྦྱངས་ན་དོན་དངོས་དང་མཐུན་སྙམ།    
གཉིས་པ། ཡིག་གཟུགས་སློབ་ཁྲིད།
ཡིག་གཟུགས་འདི་རང་རིགས་ཀྱི་ཐུན་མོང་བའི་རིག་གནས་ཆེ་བ་ལྔའི་ཡ་གྱལ་བཟོའི་ཁོངས་སུ་གཏོགས་ཤིང་། ལྔ་ཟུང་རིག་པའི་གནས་ལ་དབང་འབྱོར་བ་ཞིག་ཡིན་ཕྱིན་ཡིག་གཟུགས་ལེགས་པོ་ཞིག་འབྲི་ཐུབ་པ་ནི་གཡུལ་སའི་དཔའ་བོར་འཁོར་གསུམ་འཛོམས་པ་དང་འདྲ་ལ། དེ་ལས་ལྡོག་ན་ནི་རྗེ་བསྟན་དར་ལྷ་རམས་པའི་ཞལ་ནས། རྩོམ་པ་ལེགས་ཀྱང་ཟུག་བྲིས་མི་འབྱོར་ན། །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །ཞེས་སྨད་པའི་ཡུལ་ལས་མ་འདས། ཡིག་གཟུགས་འདི་ལ་ནང་དོན་གྱི་ཐད་ནས་ཤིན་ཏུ་མང་མོད། འདིར་གཙོ་བོ་སློབ་ཆུང་སྐད་ཡིག་སློབ་ཁྲིད་ཀྱི་སྐབས་སུ་བབ་པའི་དབུ་ཅན་གྱི་བྲིས་ཏེ་ཞ་སྨྱུག་དང་ལྕགས་སྨྱུག་གི་བྲིས་ལ་གོ་བ་ཡིན། རྒྱུན་ལྡན་དུ་ལོ་རིམ་དང་པོ་དང་གཉིས་པར་ཞ་སྨྱུག་གི་བྲིས་དང་། ལོ་རིམ་གསུམ་པར་ལྕགས་སྨྱུག་གི་བྲིས་སྦྱང་བའི་ཞོར་དུ་དབུ་ཅན་གྱི་སྨྱུག་ཁ་སྦྱང་རྒྱུ་ནི་ཁོ་ཚོའི་ལོ་ཚོད་ཀྱི་ཁྱད་ཆོས་ལ་དམིགས་པ་ཡིན། དེ་ནས་རིམ་བཞིན་ལོ་རིམ་བཞི་བར་དབུ་མེད་ཀྱི་ཚུགས་རིང་དང་ཚུགས་ཐུང་སོགས་སྙོམས་ཤིང་མཛེས་པར་འབྲི་ཐུབ་པར་སྦྱངས་ནས། ཕྱིན་ཆད་ཀྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་སྤྱོད་སྒོ་ཆེ་བའི་རྒྱུགས་བྲིས་ཚད་ལྡན་ཞིག་འབྲི་ཐུབ་པར་རྨང་གཞི་གདིང་དགོས། སྤྱིར་ན་སྡེ་སྲིད་ཆེན་པོའི་ཐིག་འགྲེལ་དུ་ཡིག་འབྲུ་སོ་སོའི་ཆ་ཤས་རེ་རེ་བཞིན། དཔངས་ཞེང་ཕྲ་སྦོམ་ཕབ་འཇོག་གི་ཆ་གྲངས་བགོས་པ་ཆེས་ཕྲ་ཞིང་ཞིབ་པ་ཡོད་ནའང་། ལས་དང་པོ་ཞིག་ལ་མཚོན་ན་ཐོག་མར་སློབ་པ་ལ་བློས་ཆུན་དཀའ་བར་སྣང་བས། འདིར་རྒྱུན་ལྡན་དུ་ཤེས་དགོས་པའི་གནད་འགའ་ཟུར་དུ་བཏོན་ན།
༡ སྤྱིར་བཏང་གི་སྨྱུག་རིམ་མམ་དཀྱུ་སྟ་མ་ནོར་བར་ཁྲིད་དེ་ཡི་གེ་ཐིགས་སུ་འབྲི་བའི་གོམས་གཤིས་གསོ་སྐྱོང་བྱ་དགོས།
སྨྱུ་གུའི་འགྲོས་སོགས་སྦྱང་བའི་ཐོག་མ་རུ། །སོ་སོའི་བརྡ་ཆད་ཤེས་ན་འབྲི་གནད་ཟིན། །དཀྱུ་སྟའི་མིང་ལ་མགོ་མིག་མཆུ་སྐེ་དཔུང་། །རྐང་ལག་ཁོག་འདྲེན་སྐེད་དང་ཕབ་དང་མཉེན། །སྦོ་དང་ཟགས་མཆུ་ལེ་གུ་ཡར་འཕུལ་དང་། །མཆུ་དང་ཕོད་དང་ཐུ་བ་འཛིན་པོ་སོགས། །བཅུ་ལྷག་ཡོད་ཅིང་འཐེན་སྟངས་སྐོར་ཚུལ་བཅས། །སོ་སོར་མ་འདྲེས་རང་ཉམས་ཐོན་པ་གཅེས། །སྟོད་ནས་སྨད་དང་གཡོན་ནས་གཡས་ཕྱོགས་སུ། །མགོ་ཚག་ཐིགས་སུ་འབྲི་བ་སྤྱི་ལུགས་ཡིན། །མགོ་ལ་དབྱེ་ན་ཐུང་འབྲིང་རིང་གསུམ་ཡོད། །མགོ་རིང་ཀ་ཁ་ག་ཇ་ཛ་ཁམས་ལྔ། །མགོ་ཐུང་པ་ཕ་མ་ཝ་ཡ་ལ་ཤ། །ས་ཨ་དགུ་ཡིན་སྨྱུག་ཁམས་གསུམ་གྱི་ཚད། །འ་ནི་ཟུར་གསེག་མགོ་ཡིན་ལྷག་མ་རྣམས། །མགོ་འབྲིང་ཡིན་ལ་རིང་ཐུང་ཁམས་བཞིའི་ཚད། །དཔུང་བ་ཕལ་ཆེར་སུམ་གཉིས་ཆ་ནས་འཐེན། །ཆ་ན་མ་ཚ་ཞ་ཤ་མིག་ཅན་རྣམས། །ཉ་མིག་ཇི་བཞིན་ཟླུམ་ཞིང་སྐེ་ཅན་གྱི། །ཡི་གེ་ཅ་ཉ་ན་མ་ཚ་ར་རྣམས། །སུམ་གཅིག་མཚམས་ནས་རིམ་གྱིས་མར་ལ་འཐེན། །རྐང་བ་ཅན་གྱི་ཡི་གེ་དགུ་བོ་ལས། །ཀ་ག་ཤ་གསུམ་རྐང་རིང་དང་། །ཉ་ཏ་ད་ན་ཞ་ཧ་འབྲིང་། །དེ་ལས་རྐང་རིང་མགོ་ཡི་ཕྱེད་དང་གཉིས། །འབྲིང་བ་དེ་ལས་ཅུང་ཙམ་ཐུང་བར་བཤད། །སྟེང་ན་ཞྭ་ལྟར་ལྡིང་བ་གསུས། །གུ་གི་འགྲེང་བུ་ན་རོ་དང་། །འོག་ན་གདན་ལྟར་བཏིང་བ་གསུམ། །ཞབས་ཀྱུ་ཡ་བཏགས་ར་བཏགས་རྣམས། །ན་རོ་ཆ་མཉམ་ཕྱི་ཏ་ཁྲེམ། །གི་གུ་ཟུར་གསུམ་འཇུག་མ་འཁྱུགས། །འགྲེང་བུ་སུམ་གཉིས་བསྙལ་ལ་སུམ་ཆ་གཟར། །ཡ་བཏགས་གདན་ཐབས་སྒོ་ཕུག་མེད། །དབྱིབས་ནི་ཟླ་བ་ཡར་ཚེས་འདྲ། །ར་བཏགས་རིང་ཐུང་ཁོང་གི་ཚད། །ཞབས་ཀྱུ་དེ་དང་ཚད་མཐུན་ནོ། །ཚག་ནི་ཟུར་གསུམ་ཤད་ནི་རྒྱ་ཁབ་བསླང་། །དེ་ནས་མགོ་འདོགས་བརྩེགས་པ་རྣམས། །སྤྱིར་བཏང་གཟུགས་ལས་ཆུང་དུ་བསྐུམས། །བརྩེགས་སྔོན་ལས་གཟུགས་མི་འགྱུར། །ཉ་ལ་དམིགས་བསལ་ཧྲིལ་བོ་འབྲི་བ་ལས། །གཞན་རྣམས་ར་སྐེ་མན་ཆད་འབྲི་བ་མིན། །ཞེས་པ་ལྟར་ལག་ལེན་ད་གོམས་པར་འབད་དགོས། གཞན་ད་དུང་ཡིག་གཟུགས་སྨྱུག་བྲིས་ལས་ཞ་སྨྱུག་དང་ལྕགས་སྨྱུག་གི་བྲིས་སྦྱོང་བྱེད་ཀྱི་འབྲི་དེབ་ཐིགས་རྩ་ཅན་ཚད་ལྡན་ཞིག་བོད་ཁམས་ཡོངས་སུ་འགྲེམ་རྒྱུ་ཧ་ཅང་གལ་ཆེ་བར་སྙམ།
 ཡི་གེ་འབྲི་སྐབས་ཀྱི་ལུས་ཚུགས་དང་སྨྱུ་གུ་འཛིན་སྟངས་ཡང་དག་པར་གོམས་པར་བྱ་དགོས།
སློབ་ཆུང་གི་ཡིག་གཟུགས་སློབ་ཁྲིད་སྐབས་ཡི་གེ་ངོས་འཛིན་ལ་ཤུགས་སྣོན་དགོས་པ་མ་ཟད། སློབ་མ་རྣམས་ལ་ཡི་གེ་འབྲི་ཐབས་ཁྲིད་དེ་ཡིག་འབྲིའི་གོམས་གཤིས་བཟང་བོ་ཞིག་ཀྱང་གསོ་སྐྱོང་བྱ་དགོས། སྐད་ཡིག་བསླབ་ཚན་ཚད་གཞི་རུ་ཡིག་གཟུགས་སློབ་ཚན་ལ་མཐོང་ཆེན་བྱས་ནས་དུས་རབས་སོ་སོའི་དམིགས་ཚད་བཏོན་པ་མ་ཟད། ལག་བསྟར་གྲོས་གཞི་རུ།སློབ་མའི་ཡིག་གཟུགས་འབྲི་སྐབས་ཀྱི་ལུས་ཚུགས་ལ་མཛུབ་སྟོན་བྱེད་རྒྱུར་མཐོང་ཆེན་སྒོས། སློབ་མར་འབྲི་རྩལ་ཁོང་དུ་ཆུད་པར་ཁྲིད་སྟོན་བྱས་ནས་ཡིག་འབྲིའི་གོམས་གཤིས་བཟང་བོ་ཆགས་པར་བྱ་དགོས་ཞེས་བསྟན་པ་ལྟར། ཡིག་གཟུགས་ལེགས་པོ་འབྲི་ཐུབ་མིན་ནི་སྨྱུ་གུ་འཛིན་སྟངས་དང་ལུས་ཚུགས་ལའང་རག་ལས་པས། འདིར་སྨྱུ་གུ་འཛིན་སྟངས་དང་ལུས་ཚུགས་ཅུང་ངོ་སྤྲོད་པར་བྱ། །
(༡)འདུག་སྟངས། ཡི་གེ་བྲི་གཞི་དེ་རང་གི་ནུ་མ་གཡས་པའི་དྲང་ཐད་དུ་བཞག་སྟེ། ལུས་སྟོད་དྲང་བོར་སྲོང་བཞིན་ཕྲག་གཉིས་སྙོམས་པར་འདུག་སྟེགས་སུ་བསྡད་དེ། བྲང་དང་ཅོག་ཙེའི་བར་ཐག་ལ་སོར་བཞི་ཙམ། མིག་དང་བྲི་གཞིའི་བར་ཐག་ལ་ཕལ་ཆེར་ཁྲི་གང་ཙམ་དང་འབྲི་དེབ་དྲང་མོར་བཞག་ནས་བྲིས་ན་ཐིག་ཕྲེང་དང་ཡིག་གཟུགས་མི་ཡོ་ཞིང་སྐེ་ཚིགས་དང་སོག་སྲུབས་མི་མི་ན་བར་བདེ་ཐང་ཡོང་བར་ཕན་ཞེས་སྨྱུག་ཐོགས་མཁས་པ་དུ་མའི་དངོས་བརྒྱུད་ཀྱི་ཞལ་རྒྱུན་དུ་གསལ་བ་ལྟར་རོ། 
(༢)སྨྱུ་གུ་འཛིན་སྟངས། ཞ་སྨྱུག་འཛིན་སྟངས་ནི་རྒྱུན་ལྡན་གྱི་ལྕགས་སྨྱུག་འཛིན་སྟངས་དང་འདྲ་ལ། སྨྱུ་གུ་འཛིན་སྟངས་ནི་ལག་གཡས་པའི་མཐེབ་མཛུབ་དང་གོང་མཛུབ་གཉིས་ཀྱིས་སྨྱུ་གུའི་རྩེ་ནས་ཚུན་གང་གི་སར་བསྡམས་ཏེ། དཀྱིལ་མཛུབ་དང་མཛུ་གུ་མས་མ་གཉིས་གང་འཚམ་དུ་བསྐུམ་པར་བྱ། ལོ་ན་སྨིན་པ་ཞིག་ལ་མཚོན་ན་སྤར་ཁྱིམ་དུ་ཕུག་རོན་གྱི་སྒོ་ང་ཆུད་ཙམ་གྱི་ཁོག་སྟོང་བཞག་ན་སོར་མོའི་རྩ་ཁམས་དག་རང་གནད་དུ་འབབ་པས། བྲིས་ཡུན་རིང་ཡང་སོར་ཚིགས་མཁྲིག་ཚིགས་མི་ན་བར་ཕན་པ་མ་ཟད། ཡིག་གཟུགས་ཀྱང་ལེགས་པར་ཐོན་པར་ཕན། ཡི་གེ་ཆུང་ངུ་ལ་སྨྱུག་ཁམས་ལས་ཚུན་གང་ངམ་གང་དང་ཕྱེད་ལས་མི་རིང་བ་དང་། ཆེ་བ་ལ་དེ་ལས་རིང་ཙམ་དུ་བཟུང་ན་ཚོད་ཟིན་ཅིང་འབྲི་བདེ་བར་ཕན། དེ་ལྟར་སློབ་གྲྭར་ཞུགས་པ་ནས་བཟུང་ཡིག་གཟུགས་སྦྱོང་བརྡར་གྱི་མགོ་བརྩམས་པ་ཡིན་པས། སློབ་ཆུང་ནས་སྨྱུ་གུ་འཛིན་སྟངས་དང་ལུས་ཚུགས་སོགས་ལེགས་པོ་ཞིག་ཆགས་མ་ཐུབ་ན་ཆུ་མགོ་ནས་རྙོག་ན་དྭངས་ཐབས་མེད་ཅེས་པ་ལྟར་ཕྱིན་ཆད་བཅའ་དཀའ་བར་གདའ། དེ་ལྟར་ཡི་གེའི་མཛེས་ཉམས་ལེགས་པར་ཐོན་པ་དང་སྦྲགས་ནས།   ས་བཟང་མ་ཏི་པཎ་ཆེན་གྱིས། ལེགས་པ་བས་ཀྱང་མགྱོ གས་པ་གཙོ། །མགྱོ གས་པ་བས་ཀྱང་སྙོམས་པ་གཙོ། །སྙོམས་པ་བས་ཀྱང་དག་པ་གཙོ། །དེས་ན་དེ་དག་གཙོ་བོ་ཡིན། །ཞེས་གསུངས་པ་བཞིན་ལོ་རིམ་སོ་སོའི་ཡི་གེ་འབྲི་བའི་རེ་འདུན་ཡང་རིམ་བཞིན་དུ་ཇེ་མཐོར་བཏང་ན་བསླབ་ཚན་གསར་བའི་ཚད་གཞི་དང་མཐུན་པ་ཡིན་ནོ། །
གསུམ་པ། གོ་དོན་སློབ་ཁྲིད།
ཡི་གེའི་གོ་དོན་སློབ་ཁྲིད་བྱེད་ཐབས་ལ་ཐད་མཐོང་ཐབས་དང་། སློབ་ཚན་དང་འབྲེལ་བའི་ཐབས། ཚིག་གྲོགས་འཚོལ་བའི་ཐབས་སོགས་སྐད་ཡིག་གཉིས་ཀའི་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་ནའང་།   རྒྱ་ཡིག་གི་ཁྲིད་ཐབས་སྐོར་ཞིག་བོད་ཡིག་སློབ་ཁྲིད་དུ་སྤྱོད་མི་ཐུབ་སྟེ། རྒྱུ་མཚན་ནི་ཡི་གེའི་གཟུགས་དང་བསྟན་དོན་བར་འབྲེལ་བ་མེད་པ་ནི་སྒྲ་ཚན་སྦྱོར་ཀློག་གི་ཡི་གེ་སྟེ་བོད་ཡིག་གི་ཁྱད་ཆོས་(འདྲ་གཟུགས་ཡི་གེ་དང་སྦྱོར་ཀློག་ཡི་གེའི་ཁྱད་པར་ཡིན་)ཡིན་པའི་ཕྱིར། འདིར་བོད་ཡིག་གི་ཁྱད་ཆོས་ལྟར་ན་རྨང་གཞི་སློབ་གསོའི་དུས་རིམ་གྱི་ཡི་གེའི་གོ་དོན་སློབ་ཁྲིད་དུ་ཐུན་མོང་མ་ཡིན་པའི་ཁྲིད་ཐབས་གཉིས་ཡོད་པ་གཤམ་ལྟར།
 གཅིག་བསྡུས་ཀྱིས་ཡི་གེ་ངོས་འཛིན་བྱེད་ཐབས།
གཅིག་བསྡུས་ཀྱིས་ཡི་གེ་ངོས་འཛིན་བྱེད་པ་ནི་སྒྲ་མཚུངས་སམ་གཟུགས་ཉེའི་ཡི་གེ་གཅིག་བསྡུས་ཀྱིས་ངོས་འཛིན་བྱེད་པ་སྟེ། དག་ཡིག་མཁས་པ་དགའ་སྐྱེད་སོགས་བོད་ཀྱི་དག་ཡིག་ཕལ་ཆེར་དང་།   ལྡོག་ཟླའི་ཐ་སྙད་གཅིག་བསྡུས་ཀྱིས་ངོས་འཛིན་བྱེད་པ་སོགས་ཡོད། དཔེར་ན། དག་ཡིག་མཁས་པ་དགའ་སྐྱེད་དུ་རྗེས་འཇུག་ག་སོགས་ཕལ་ཆེར་ལ། །ཡང་འཇུག་ས་མཐའ་ཡོད་མེད་ཀྱིས། །དོན་གྱི་ཁྱད་པར་ཐ་དད་དུ། །འབྱེད་པའི་ཚུལ་དེ་ཅུང་ཞིག་སྨྲ། །རྒྱུན་དུ་རྟག་དང་རྟགས་མཚན་དང་། །ཞེས་བསྟན་པ་ལྟ་བུ་དང་། ཡང་དཔེར་ན། རིང་བོ་-ཐུང་ངུ་། གྲང་བ་-དྲོན་པོ། མཐོ་བ་-སྨྲ་བ། སོགས་ལྡོག་ཟླའི་མིང་གཅིག་བསྡུས་ཀྱིས་ངོས་འཛིན་པར་བྱས་ན་སློབ་མ་རྣམས་ལ་བག་ཆགས་ཟབ་པ་ཡིན། འདི་ལྟ་བུའི་དག་ཡིག་སྐོར་གཙོ་བོ་སློབ་ཕྱི་ནས་སློབ་མར་བློ་འཛིན་དུ་འཇུག་དགོས་པ་མ་ཟད། དགེ་རྒན་གྱིས་རྩོམ་ཡིག་འབྲི་སྦྱོང་ཁྲོད་བཀོལ་སྤྱོད་བྱེད་པར་མཛུབ་སྟོན་བྱ་རྒྱུ་ཤིན་ཏུ་གལ།
 བྱ་ཚིག་གཟུགས་འགྱུར་གྱི་ཆོས་ཉིད་རྟོགས་པར་བྱེད་པ།
ལོ་རིམ་ཇེ་མཐོར་འཕར་བར་བསྟུན་མིང་གཅིག་ལ་དུས་གསམ་གྱི་འགྱུར་བ་དུ་མ་བྱུང་བས་སློབ་གྲོགས་ཚོར་ཡི་གེ་ངོས་འཛིན་བྱེད་པར་རྙོག་དྲ་བཟོ་སྲིད་དེ། དེར་སློབ་ཁྲིད་སྐབས་སློབ་གྲོགས་ཚོར་བོད་ཡིག་ལས་མིང་ལ་རིགས་དུ་མ་དབྱེ་བ་ལས་བྱ་ཚིག་གང་ཞིག་དུས་གསུམ་གྱི་དབང་གིས་གཟུགས་འགྱུར་བཞིན་པ་ནི་བོད་སྐད་ཀྱི་ཆོས་ཉིད་ཡིན་པ་རགས་ཙམ་ངེས་པར་བྱས་ནས་ཡི་གེའི་དོན་ལ་གོ་བ་ལེན་དུ་འཇུག་དགོས། དཔེར་ན། ཡི་གེ་འབྲི་ལྟ་བུ་ལ་བྲི་བྱའི་ཡི་གེ་འབྲི་བཞིན་པ། བྲིས་ཟིན། ཕྲིས་ཤིག་ཅེས་གཟུགས་འགྱུར་བ་ལ་རིགས་བསྒྲེ་སྟེ་ངོ་སྤྲོད་པ་ལྟ་བུའོ། །
མདོར་ན། སྐད་ཡིག་བསླབ་ཚན་ཚད་གཞི་གསར་བ་ལག་ལེན་དུ་བསྟར་བ་ནས་བཟུང་། སློབ་དེབ་གསར་བ། ཚད་གཞི་གསར་བ། བསམ་བློ་གསར་བ་སོགས་ཀྱིས་སྐད་ཡིག་དགེ་རྒན་གྱི་གོ་གནས་དང་། བསམ་བློ་གཏོང་སྟངས། སློབ་ཁྲིད་བྱེད་ཐབས་བཅས་ལ་རེ་བ་གསར་བ་བཏོན་ཡོད་པས། ང་ཚོས་ད་ལྟ་ད་དུང་མི་བརྒྱ་གདོང་གཅིག་གི་ཁྲིད་ཐབས་བཙན་ཐབས་ཀྱིས་སྤྱད་ན་རྒྱུ་སྤུས་སློབ་གསོའི་དམིགས་ཚད་དང་འགལ་བ་མ་ཟད། བསླབ་ཚན་གསར་བའི་དགོངས་པ་དང་ཡང་རིང་དུ་འགལ་འདུག (དཔེར་ན་མིང་གསར་སློབ་ཁྲིད་བྱེད་སྐབས་སུ་མིང་རང་ཉིད་ལས་འགྲེལ་གོ་དཀའ་ནའང་བཙན་གྱིས་བློར་འཛིན་དུ་བཅུག་པ་ལྟ་བུ) དེ་བས་ང་ཚོས་སློབ་ཁྲིད་ཀྱི་ལག་ལེན་དངོས་སུ་ཉམས་མྱོང་ཕྱོགས་སྡོམ་དང་གཞན་གྱི་ལེགས་ཆ་བཏུས་ཏེ་ཁྲིད་ཐབས་གསར་བ་གང་མང་སྔོག་འདོན་བྱ་དགོས། གསར་སྐྲུན་ནི་མི་རིགས་ཤིག་དར་རྒྱས་འབྱུང་བའི་སྒུལ་ཤུགས་ཡིན་པས། ཡི་གེ་ངོས་འཛིན་སློབ་ཁྲིད་དུ་ལོ་རིམ་མི་འདྲ་བའི་དོན་དངོས་ལ་དམིགས་ཏེ། བྱིས་པའི་སྤྲོ་བ་འགུགས་པ་དང་གོ་བ་ལེན་བདེ་བའི་ཆེད་དུ་རྟོག་འཆར་དང་རྩེད་འཇོའི་ཐབས་སྤྱད་དེ་ཡི་གེའི་ཁེད་དང་བྱིས་གླུ་སོགས་སྒྲིག་དགོས། དཔེར་ན་སྔར་ཡོད་ཀྱི་ཡི་གེའི་ཁེད། འདོད་འཇོའི་བ་ཡི་རྐང་པ་ལ། །རྡོ་རྗེ་ལེགས་པའི་རྭ་ཅོ་བཏགས། །སྟེང་ན་རྒོད་པོས་གཤོག་འགྱུར་ངོམ། །མི་འཇིགས་ས་ཡི་མཐའ་རྟེན་ཅན། ཞེས་པ་ལྟ་བུ་སློབ་ཆུང་སློབ་མའི་སེམས་ཁམས་དང་ལོ་ཚོད་ཀྱི་ཁྱད་ཆོས་དང་ཅུང་མི་མཐུན་ཞིང་བློར་ཅུང་ཤོང་དཀའ་ནའང་གསར་རྩོམ་གྱི་དཔེ་གཞིར་འཛིན་འོས་ཏེ། སྲོལ་རྒྱུན་དཔེ་བྱས་ནས་སྒྲིག་པའི་གྲངས་ཀ་ངོས་འཛིན་གྱི་ཁེད། དྲུག་གི་རྭ་ཅོ་སེར་བུས་ཁུར། །བརྒྱད་ཀྱི་མིག་གཅིག་རྐུན་མས་བརྐུས། །དགུ་ཡི་རྔ་མ་བྱི་ལས་བཅད། །གྲུབ་པའི་ཨང་ཀི་དེ་ཅི་ཞིག་ཅེས་པ་ལྟ་བུ་གང་མང་གསར་སྒྲིག་བྱ་ཆོག འདི་ལ་བྱིས་རྩོམ་རྩོམ་པ་བོ་ཡེ་ཧྲིན་ཐོ་ཡིས་དགེ་རྒན་ནི་བྱིས་རྩོམ་གསར་རྩོམ་ལ་ངེས་པར་བསྐུལ་དགོས་པའི་སྟོབས་ཤུགས་བླ་ན་མེད་པ་ཞིག་ཡིན་ཞེས་བསྟན་པ་ལྟར། སློབ་ཁྲིད་ཀྱི་ལས་གནས་དང་པོ་ན་ཡོད་པའི་དགེ་རྒན་ཉམས་མྱོང་ཅན་དག་གིས་འདིའི་ཐད་ཀྱི་སྟོང་ཆ་སྐོང་ཐབས་ལ་འབད་ན་ཡི་གེ་ངོས་འཛིན་སློབ་ཁྲིད་ཀྱི་སྤུས་ཚད་ཀྱང་སྐས་རིམ་གསར་བ་ཞིག་ཏུ་འཕེལ་ཐུབ་སྙམ་མོ། །
བོད་ལྗོངས་སློབ་གསོ2005ལོའི་དུས་དེབ་ཐོག་སྤེལ།                                                                  
 
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།