སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

སློབ་ཆུང་སྐད་ཡིག་སློབ་དེབ་དང་འབྲེལ་བའི་བསམ་གཞིགས །

སྤེལ་དུས། 2017-03-29 10:58:59    རྡེབ་ཚད།
མཉམ་སྤྱོད་གནས།
   

 

སློབ་ཆུང་སྐད་ཡིག་སློབ་དེབ་དང་འབྲེལ་བའི་བསམ་གཞིགས །
གཅན་ཚ་རྫོང་སློབ་ཆུང་གཉིས་པ།         ལྷ་རྩེ་རྒྱལ།
306153918019725803.jpg
ངས་ཐོག་མར་ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་སློབ་དེབ་བསྒྱུར་སྒྲིག་གི་ལས་ལ་གཞོལ་བའི་ཆེད་མཁས་པ་དང་རྩོམ་སྒྲིག་པ་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག    རང་ཉིད་ལོ་དུ་མར་སློབ་ཆུང་སྐད་ཡིག་སློབ་དེབ་འཁྲིད་མཁན་དང་ལག་བསྟར་བྱེད་མཁན་ཞིག་ཡིན་པའི་ཆ་ནས་སྐད་ཡིག་སློབ་དེབ་གསར་བའི་དགེ་སྐྱོན་དང་རེ་བ་སོགས་རང་གི་སློབ་ཁྲིད་ཉམས་མྱོང་དང་འབྲེལ་ནས་ཅུང་ཟད་གླེང་ན།
      གཅིག     སྐད་ཡིག་སློབ་དེབ་བཟང་བོ་ཞིག་བསྒྲིག་དགོས་པའི་གལ་ཆེན་རང་བཞིན།
སྐད་ཡིག་ནི་མི་དང་མི་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ལག་ཆ་ཆེས་གཙོ་བོ་ཡིན་ལ་མིའི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན།    སྐད་ཡིག་སློབ་གསོའི་ཆོས་ཉིད་ལ་བརྩི་འཇོག་བྱས་ནས་དེང་རབས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཚམ་པའི་སྐད་ཡིག་སློབ་དེབ་ཅིག་བསྒྲིག་པ་ལ་འབད་པ་བྱེད་དགོས།   སྤྱིར་སློབ་མ་ལ་ཡོན་ཏན་བཟང་བོ་ཞིག་འཐོབ་ཏུ་འཇུག་ན་བདག་གཉེར་དང་།    དགེ་རྒན།   འཁྲིད་ཐབས། སྦྱོང་ཐབས་སོགས་ཕྱི་ནང་གི་རྐྱེན་གང་མང་ལ་རགས་ལས།    དེ་ལས་སློབ་དེབ་ནི་གལ་ཆེན་ནང་གི་འགངས་ཆེན་རེད་དེ་སྤུས་ཀ་བཟང་བོ་ཞིག་མེད་ན་གོ་ཆོད་དཀའ།    ང་ཚོ་བོད་ཀྱི་སྐད་ཡིག་སློབ་དེབ་ལ་མཚོན་ན་ལྗོངས་དང་ཞིང་ཆེན་ལྔ་བོས་མཉམ་དུ་བཀོལ་སྤྱོད་བྱེད་དགོས་པས་ཁྱབ་རྒྱ་ཧ་ཅང་ཆེ།    དེ་ང་ཚོ་བོད་རིགས་སློབ་མ་ཚང་མ་ལ་འབྲེལ་བ་ཡོད་པ་ཀུན་གྱིས་ཤེས་གསལ་རེད།      སློབ་དེབ་བཟང་ན་སློབ་མའི་ཤེས་རིག་གི་སྤུས་ཚད་དང་།   བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་དང་།   ཚན་རིག་རིག་གནས་ཀྱི་བྱང་ཚད་སོགས་སྐྱེད་སྲིང་བྱེད་པར་ནུས་པ་གང་ལེགས་འདོན་ཐུབ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་ལགས་ཀྱིས་“སློབ་དེབ་བཟང་བོ་ཞིག་ཡིན་ན།   སློབ་མར་ཡོན་ཏན་འབྱོར་རྒྱུ་མགྱོགས།   མཁས་པ་སྣ་ཚོགས་འབྱུང་ཚད་མགྱོགས།   བོད་ཀྱི་ས་ཆའི་འཛུགས་སྐྲུན་སྣ་ཚོགས་འཕེལ་རྒྱས་གཏོང་ཚད་མགྱོགས།    བསླབ་དེབ་བཟང་བོ་ཞིག་མ་ཡོང་ན་འཕྲིན་ལས་རྣམ་བཞི་སོགས་ཚང་མ་རྗེས་ལུས་སུ་འགྱུར་རྒྱུ་རེད།    དགེ་རྒན་གྱིས་སློབ་དེབ་ལ་བརྟེན་ནས་སློབ་མའི་རྒྱུ་གཙང་ཞིང་ཤེས་རབ་ཅན་དུ་འགྱུར་དུ་འཇུག་དགོས།    མི་རིགས་ཀྱི་ལ་རྒྱ་འཛིན་དུ་འཇུག་དགོས།    ཡ་རབས་ཀྱི་སྲོལ་བཏོད་པ་དང་མ་རབས་ཀྱི་སྲོལ་སྣུབ་པའི་མི་བཟང་བོར་འགྱུར་དུ་འཇུག་དགོས།   དེ་ལྟར་བྱས་ན་རྒྱལ་ཁབ་ཀྱི་སྲིད་འབྱོར་མངའ་ཐང་གཙོ་སྐྱོང་བྱེད་ནུས་པའི་མི་རབས་གསར་བའི་རིགས་སྐྱེད་སྲིང་བྱེད་ཐུབ་རྒྱུ་རེད།     རྒྱུ་བཟང་ན་འབྲས་བུ་བཟང་།    དུས་རབས་ཀྱི་ཁྲོད་ཡོན་ཏན་པ་ཞིག་བསྐྱེད་དགོས་ན་སློབ་དེབ་ཕུན་སུམ་ཚོགས་པ་ཞིག་དགོས། ”ཞེས་གསུངས་པ་ཡང་དོན་ལ་གནས་པའི་རེ་བ་ཞིག་ཏུ་འདོད།      སྐད་ཡིག་བསླབ་ཚན་འདིས་སློབ་མ་ལ་སྐད་ཡིག་གི་ཡོན་ཚད་ལྡན་དུ་འཇུག་པར་མ་ཟད་བསླབ་ཚན་གཞན་དག་ལེགས་པར་སྦྱང་བྱེད་ཀྱི་རྨང་གཞི་དང་།    སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བྱེད་ཀྱི་རྨང་གཞི་ཡང་ཡིན།      ལྷག་པར་དུ་དེ་ལ་མི་རིགས་ཀྱི་འདུ་ཤེས་སྐྱེད་སྲིང་དང་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་འཛུགས་སྐྲུན་གྱི་ནུས་པ་ལྡན་པས།    ང་ཚོས་ད་ལྟ་སྤྱོད་བཞིན་པའི་སྐད་ཡིག་སློབ་དེབ་འདི་ཇེ་བཟང་ཇེ་ལེགས་སུ་བཏང་སྟེ་ཚིག་སྦྱོར་སྙན་ཞིང་ནང་དོན་ཕུན་སུམ་ཚོགས་པའི་སློབ་དེབ་ཅིག་ཏུ་བསྒྲིགས་ནས་རིམ་བཞིན་དུ་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་དགོས།
གཉིས    སྐད་ཡིག་སློབ་དེབ་ཀྱི་དགེ་སྐྱོན་རགས་ཙམ་གླེང་བ།
   སློབ་ཆུང་གི་སྐད་ཡིག་སློབ་དེབ་ནི་ལོ་རེར་དེབ་གཉིས་བྱས་ནས་སྡོམ་དེབ་བཅུ་གཉིས་ཡོད་པ་དང་ཕལ་ཆེར་སློབ་ཚན་སུམ་བརྒྱ་ཙམ་ཡོད།     སློབ་དེབ་སྒྲིག་གཞི་ཐད་ནས་གོ་རིམ་ལྡན་ཞིང་ཞིབ་ཚགས་ལྡན་པ།    ཤེས་བྱར་རིམ་འཇུག་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་སྒོ་ནས་ནང་དོན་དང་ཤེས་བྱའི་སྡེ་ཚན་བཞི་སྟེ་སློབ་ཚན་དང་།     རིགས་མཐུན་ཐ་སྙད་སྦྱོང་བ།    བརྡ་སྤྲོད་སློབ་ཚན།     སྐད་ཡིག་ཤེས་བྱའི་དགའ་ཚལ་བཅས་སུ་དགར་ནས་བསྒྲིགས་ཡོད།      སློབ་ཚན་ལ་ལེགས་བཤད་དང་བསླབ་བྱ།    གབ་ཚིག     གཏམ་རྒྱུད།    བྱིས་སྒྲུང་།      ཡུལ་ལྗོངས་དང་མི་སྣ་ཞིབ་འབྲིའི་རྩོམ་ཡིག     བྱ་བ་དང་སྲོག་ཆགས་ཞིབ་འབྲིའི་རྩོམ་ཡིག་སོགས་སྔོན་གྱི་སློབ་དེབ་སྒྲིག་སྟངས་ལས་རིང་དུ་བརྒལ་ཏེ་སྐད་ཡིག་གི་ཤེས་བྱ་རྙོག་འཛིང་ཡིན་པ་དེ་གོ་རིམ་ལྡན་པར་བསྒྲིགས་ཡོད་པ་དེས་སློབ་མའི་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་གོང་དུ་སྤེལ་བའི་ནུས་པ་ཐོན་ཡོད་པར་མ་ཟད།     སློབ་མ་རྣམས་ཡི་གེ་ངོས་འཛིན་ནས་འབྲི་ཀློག    དེ་ནས་ཁ་སྐད་ཀྱི་འབྲེལ་འདྲིས།        དེ་ནས་རྩོམ་འབྲིའི་གོ་རིམ་དུ་རིམ་གྱིས་ཁྲིད་ཡོད་པ་དང་སློབ་མ་རྣམས་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་ཅུང་ཙམ་འཇོག་པ་དང་སྐད་ཡིག་སློབ་པའི་འདུན་པ་སྐྱེད་སྲིང་བྱས་ཡོད།   ནང་དོན་གྱི་ཐད་ནས་སྔོན་ཐོན་མི་རིགས་ཀྱི་རིག་གནས་དང་འཛམ་གླིང་རིག་གནས་ཀྱི་ཉིང་བཅུད་སྡུད་ལེན་བྱས་ཏེ་བསྒྱུར་རྩོམ་དང་།    གནའ་དེང་བོད་ཀྱི་མཁས་པའི་གསུང་རྩོམ་དང་བསླབ་བྱ།     ལེགས་བཤད།    གབ་ཚིག    གཏམ་དཔེ།    བརྡ་སྤྲོད་དང་དག་ཡིག་སོགས་གྲངས་ངེས་ཅན་ཞིག་བཀོད་ནས་སྐད་ཡིག་སློབ་ཚན་དང་འཚོ་བའི་འབྲེལ་བར་ཤུགས་སྣོན་དང་ཡང་དག་པའི་མེ་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ་ཆགས་སུ་འཇུག་པར་ཤུགས་སྣོན།    སློབ་མའི་སྐད་ཡིག་གི་ཡོན་ཚད་ཕྱོགས་ཡོངས་ནས་མཐུན་འགྲིག་གིས་འཕེལ་རྒྱས་ཡོང་བར་དགེ་མཚན་ལྡན་པར་བྱས་ཡོད་མོད། ཡིན་ནའང་ཁོ་བོ་ལ་མཚོན་ན་སྐད་ཡིག་སློབ་དེབ་སྔ་ཕྱི་ཐེངས་གཉིས་ལ་བསྒྱུར་སྒྲིག་བྱེད་སྐབས་ལོ་རིམ་དང་པོ་ནས་དྲུག་པའི་བར་སྔ་ཕྱི་ཐེངས་གཉིས་ལ་འཁྲིད་པའི་ལག་ལེན་བརྒྱུད་མྱོང་པའི་དགེ་རྒན་དཀྱུས་མ་ཞིག་ཡིན་པའི་ཆ་ནས་བལྟས་ན་སློབ་དེབ་སྔ་མ་ལས་ཕྱི་མའི་སྒྲིག་གཞི་དང་ནང་དོན།     པར་ངོས་དང་བར་བཅུག་རི་མོ་སོགས་ཕྱོགས་གང་ཐད་ནས་ཇེ་བཟང་ཇེ་ལེགས་སུ་སོང་ཡོད་ནའང་།       མི་འདང་བའི་ཆ་ཡང་ཕྱོགས་འགའ་རེ་མཐོང་སྟེ།    1 ལོ་རིམ་གཉིས་པ་ནས་དེབ་རེ་རེའི་ནང་དུ་བསྒྱུར་རྩོམ་གྱིས་30%ཙམ་ཟིན་པ་བཀོད་ཡོད་པས་བསྒྱུར་རྩོམ་ད་དུང་ཅུང་མང་བའི་སྣང་བ་སྟེར།    སྤྱིར་བསྒྱུར་རྩོམ་མང་ན་མི་ལེགས་ཞེས་མཐའ་གཅིག་ཏུ་སྨྲས་པ་མ་ཡིན།     བསྒྱུར་རྩོམ་ལ་ཡང་ལེགས་ཆ་དང་སློབ་སྦྱོང་གི་རིན་ཐང་ཆེ་ས་གང་མང་མང་ཡོད་དེ།   བསྒྱུར་རྩོམ་ཕལ་ཆེ་བས་གསར་གཏོད་གསར་རྟོགས་ཀྱི་སྙིང་སྟོབས་དང་རང་བྱུང་ཚན་རིག་གི་རྒྱུན་ཤེས།     མི་གཤིས་གསོ་སྐྱོང་གི་གནས་ལུགས་སོགས་ཚིག་སྦྱོར་སྙན་ཞིང་འཇེབས་པས་མཚོན་ཡོད་པ་ཅན་མང་ཡང་།     ལ་ལ་ཞིག་རྒྱའི་སྐད་ཡིག་ཏུ་བཀོད་ཡོད་པས་ནང་དོན་གྱི་ཆ་ནས་བསྐྱར་ཟློས་སུ་སོང་བ་དང་།     ལ་ལ་ཞིག་སློབ་མས་སློབ་འདོད་པའི་ཚིག་སྦྱོར་སྙན་པོ་མིན་པའི་ཁར་ནང་དོན་ལ་དགེ་སློབ་གཉིས་ཀྱིས་གོ་བ་ལེན་དཀའ།     གལ་ཏེ་དགེ་རྒན་གྱི་མཛུབ་སྟོན་འོག་གོ་བ་རགས་ཙམ་ལོན་ཐུབ་པ་བྱུང་ནའང་དེ་ལས་ཐོབ་པའི་གནས་ལུགས་དང་བློ་སྐྱེད་ནི་སློབ་མའི་འཚོ་བ་དང་བསམ་བློ་ལ་ཅུང་རིང་དུ་གྱེས་ཡོད།     དཔེར་ན།     ལོ་རིམ་གཉིས་པའི་སྟོད་ཆར་བཀོད་པའི་སྦྲང་མས་ལམ་ཁྲིད་པ    ལོ་རིམ་བཞི་བའི་སྟོད་ཆར་བཀོད་པའི་བློ་རྩེ་གཅིག་སྒྲིམ དོན་དངོས་ཀྱི་མཐོ་ཚད     ལྕགས་གླང་ཆུ་ལས་བཏོན་པ ལོ་རིམ་བཞི་བའི་སྨད་ཆར་བཀོད་པའིཁོ་ལེ་ཡའི་སྒམ་ཆུང ལོ་རིམ་ལྔ་བའི་སྟོད་ཆར་བཀོད་པའི་ལྕགས་རིལ་གཉིས་ཅིག་ཅར་དུ་སར་ལྷུང་བལྷམ་བཟོའི་བུ ལོ་རིམ་དྲུག་པའི་སྨད་ཆར་བཀོད་པའི་བྱིས་དུས་ཀྱི་གསར་རྟོགསལྟ་བུ་རེད། 
 2 དག་ཡིག་དང་བརྡ་སྤྲོད་ཀྱི་ཤེས་བྱ་དཀོད་སྒྲིག་ཅུང་ཉུང་བའི་མྱོང་ཚོར་སྟེར་ཏེ།   འཆད་འཁྲིད་སློབ་ཚན་དུ་རིགས་མཐུན་ཐ་སྙད་ལས་དག་ཡིག་བཀོད་མེད་པ་རེད། སྐད་ཡིག་ཤེས་བྱའི་དགའ་ཚལ་དུ་བློར་འཛིན་རྒྱུ་ལ་ལོ་རིམ་གསུམ་པ་ནས་བཞི་བར་ས་པན་ཀུན་དགའ་རྒྱལ་མཚན་གྱི་དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོདང་།   དབྱངས་ཅན་རོལ་བའི་འོ་མཚོའིདག་ཡིག་མཁས་པ་དགའ་སྐྱེདགཉིས་ཚན་པ་རེ་བྱས་ནས་བཀོད་ཡོད་པའང་དགེ་རྒན་ཕལ་ཆེ་བས་བློར་འཛིན་དུ་འཇུག་པ་ལས་ནང་དོན་བཤད་ནས་ཁྲིད་ཀྱི་མེད་པས་ཕན་ཆེན་པོ་མི་ཐོགས།   བརྡ་སྤྲོད་ཀྱི་ཤེས་བྱ་ཡང་ལོ་རིམ་གསུམ་པ་ནས་འབྲེལ་སྒྲ་དང་བྱེད་སྒྲ   ལ་དོན། དེ་ནས་ལྷག་བཅས་དང་རྫོགས་ཚིག   དེ་ནས་རྒྱན་སྡུད་དང་ཚིག་ཕྲད་ཅིང་སོགས་སློབ་དེབ་རེར་གཉིས་རེ་བཀོད་ནས་ལོ་རིམ་དྲུག་པར་ཐོན་ན་ཕྲད་གཞན་དབང་ཅན་དང་ཕྲད་རང་དབང་ཅན་སོགས་བཀོད་སྒྲིག་བྱས་ཡོད་པ་ཤེས་བྱར་རིམ་འཇུག་གི་ཁྱད་ཆོས་ལྡན་ནའང་སློབ་མའི་རིག་སྟོབས་འཕེལ་རྒྱས་ལ་ཕན་པའི་ཕྱོགས་སུ་བསམ་བློ་བཏང་བ་མི་འདང་།   རྒྱུ་མཚན་ནི་ལོ་རིམ་གསུམ་པ་དང་བཞི་བ་ནི་ཚིག་དོན་དང་ཚིག་སྒྲིག་པ་ལ་ཁ་ཕྱོགས་དགོས་པས་བརྡ་སྤྲོད་ཀྱི་ཤེས་བྱའི་ཆུ་ཚད་ཅུང་ཞན་ན་ཚིག་གྲུབ་ཅིག་བཟོ་དགོས་ནའང་ཚིག་གི་སྦྱོར་སྟངས་ལེགས་པོ་ཞིག་མི་འབྱུང་པར་ཚིག་གི་གོང་འོག་འཁྲུགས་ཤིང་རྡོ་ཆག་བཙན་སྒྲིག་ལྟ་བུ་སློབ་མའི་ཁྲོད་རྒྱུན་དུ་འབྱུང་བཞིན་པའི་ཚིག་གྲུབ་དེ་དག་བྱུང་བ་ལགས། དེ་བས་བརྡ་་སྤྲོད་སློབ་ཚན་ཏེ་སུམ་ཅུ་བའི་སྙིང་བོ་ལེགས་བཤད་ལྗོན་དབངལྟ་བུ་ལོ་རིམ་གསུམ་པ་དང་བཞི་བར་རིམ་པ་ལྟར་ཁ་ཚང་འགོད་ཐུབ་པ་བྱུང་ན་ལོ་རིམ་ལྔ་བ་ནས་སློབ་མའི་ལྟ་ཀློག་དང་རྩོམ་འབྲིའི་ནུས་པ་སོགས་གོང་མཐོར་འགྲོ་བར་ཕན་པ་ཆེན་པོ་ཡོད་སྙམ།
3 བསླབ་བྱ་དང་ལེགས་བཤད་སོགས་བཀོད་སྒྲིག་ཀྱང་ཅུང་ཉུང་སྟེ།   ལོ་རིམ་གཉིས་པར་ལེགས་བཤད་ཚན་པ་གཅིག་རེ་དང་ལོ་རིམ་གསུམ་པ་དང་བཞི་བར་ཚན་པ་གཉིས་རེ།   ལོ་རིམ་ལྔ་བར་ཚན་པ་གསུམ་རེ་དང་ལོ་རིམ་དྲུག་པར་ཚན་པ་བཞི་རེ་བཅས་བཀོད་སྒྲིག་བྱས་པ་དོན་དངོས་སུ་ཅུང་ཉུང་སོང་སྙམ། རྒྱུ་མཚན་ནི་སློབ་ཆུང་སྐབས་དོན་ནི་སློབ་མའི་རིག་པ་ཆེས་མྱུར་བའི་དུས་སྐབས་ཡིན་པས་བློ་ལ་མང་དུ་བཟུང་དུ་བཅུག་ན་སློབ་མའི་རྒྱུད་ལ་ཡོན་ཏན་མང་དུ་འབྱོར་བ་དང་སྐད་ཆའི་འབྲེལ་འདྲིས་དང་རྩོམ་ཡིག་འབྲི་ཀློག་ལའང་ཕན་པ་ཆེ་བར་མ་ཟད་སློབ་མའི་ཀུན་སྤྱོད་ལེགས་པོ་དང་མི་གཤིས་ལེགས་བསྒྱུར་ལ་ནད་ཐོག་སྨན་གྱི་ནུས་པ་ཐོན་ནོ།།
4 རྩོམ་འབྲིའི་ཤེས་བྱ་དང་རྩོམ་ཡིག་འབྲི་དཔེའི་སློབ་ཚན་ནི་ལོ་རིམ་ལྔ་བ་ནས་དྲུག་པར་ཤིན་ཏུ་ནས་མཁོ་གལ་ཆེ།   སློབ་དེབ་གསར་བའི་ནང་དུ་དེའི་སྐོར་གྱི་ཤེས་བྱ་སློབ་མའི་ལས་བྱ་འབྲི་དེབ་སྦྱང་གཞི་ལྷན་ཐབས་སུ་ལྟ་ཀློག་གི་ཚུལ་དུ་ཉུང་ཙམ་བཀོད་པ་མ་གཏོགས་འཆད་འཁྲིད་ཀྱི་ནང་དོན་ལ་བཞག་མེད། སྦྱང་གཞི་ལྷན་ཐབས་སུ་རྩོམ་འབྲིའི་ཤེས་བྱ་དང་རྩོམ་ཡིག་འབྲི་དཔེའི་སློབ་ཚན་བཀོད་ཀྱང་སློབ་སྦྱོང་ལ་བཟང་བའི་སློབ་མ་འགའ་རེས་མ་གཏོགས་མང་ཆེ་བས་ཟུར་མིག་ཙམ་གྱིས་ཀྱང་ལྟ་བཞིན་མེད།   རྩོམ་འབྲི་ཤེས་བྱའི་སྐོར་དགེ་རྒན་གྱིས་དངོས་སུ་རྩོམ་ཡིག་འབྲི་དཔེ་ལ་སྦྱར་ཏེ་འཆད་ཁྲིད་དང་མཛུབ་སྟོན་བྱས་ན་སློབ་མའི་རྩོམ་འབྲིའི་ནུས་པ་གོང་དུ་འགྲོ་བ་གདོན་མི་ཟ།   སློབ་ཆུང་ནས་མཐར་ཕྱིན་ཏེ་དམའ་འབྲིང་དུ་ལོ་རིམ་འཕར་ན་དམའ་འབྲིང་དགེ་རྒན་ཚོས་སློབ་མ་རྣམས་ལ་ལེ་བདའ་བྱེད་རྒྱུ་མང་བོ་ནི་སློབ་ཆུང་གི་སློབ་མས་ཉིན་ཐོ་ཐུང་ཐུང་ཞིག་ཀྱང་འབྲི་མི་ཤེས་པ་དེའོ།།
 གསུམ། སྐད་ཡིག་སློབ་དེབ་བསྒྱུར་བཅོས་ཕྱོགས་ལ་བཏོན་པའི་རེ་བ།
 ཕྲན་གྱིས་གོང་དུ་སྐད་ཡིག་སློབ་དེབ་ཀྱི་དགེ་སྐྱོན་རགས་ཙམ་གླེང་སོང་ཡང་།   དོན་དུ་རྗེས་ཕྱོགས་སུ་སློབ་དེབ་འདི་འདྲ་ཞིག་བསྒྲིག་ན་ཆེས་བཟང་བའི་སློབ་དེབ་ཅིག་རེད་ཅེས་བརྗོད་དཀའ།    ང་ཚོ་མི་རེ་རེས་བསམ་ཚུལ་ལམ་རེ་བ་རེ་བཏོན་ན་བོད་རང་གི་སྲོལ་རྒྱུན་རིག་གནས་ཀྱི་རྐང་བཟུང་ཡོད་པ་དང་རིག་གནས་ཀྱི་ཉིང་བཅུད་འཛོམས་ཡོད་པ།    སྔོན་ཐོན་རྒྱལ་ཁབ་དང་སྔོན་ཐོན་མི་རིགས་ཀྱི་རིག་གནས་བསྡུས་ཡོད་པའི་སློབ་དེབ་ཅིག་བསྒྲིག་རྒྱུའི་ཕྱོགས་ལ་ཕན་པ་ཏོག་ཙམ་ཨེ་འབྱུང་སྙམ་ནས་སྐད་ཡིག་སློབ་དེབ་བསྒྱུར་བཅོས་ཕྱོགས་སུ་རེ་བ་འགའ་གླེང་བར་འདོད། ང་ཚོས་ད་ལྟ་སྤྱོད་བཞིན་པའི་སྐད་ཡིག་སློབ་དེབ་ཀྱི་ལེགས་ཆ་རྨང་གཞི་བྱས་ཐོག་བོད་ཀྱི་བརྡ་སྤྲོད་དང་དག་ཡིག ལེགས་བཤད་སོགས་རྨང་གཞིའི་ཤེས་བྱ་ཁ་བསྣོན་དང་། བོད་རང་གི་ལོ་རྒྱུས་ཤེས་བྱ་དང་དམངས་སྲོལ། ཀུན་སྤྱོད་ཀྱི་ལྟ་བ།   བོད་མིའི་འཚོ་བ་རོལ་སྟངས་དང་གོམས་གཤིས། བོད་རང་གི་གནའ་དེང་གི་ཕུལ་བྱུང་རྩོམ་ཡིག གཞན་སྔོན་ཐོན་མི་རིགས་གཞན་དག་གི་ཕུལ་བྱུང་རྩོམ་ཡིག་སོགས་སློབ་མའི་སྤྲོ་བ་སློང་ཐུབ་ཅིང་ཡིད་དབང་ཅིག་ཅར་དུ་འདྲེན་ཐུབ་པ། དཀའ་སླ་དང་རྒྱས་བསྡུས་རན་པའི་སྒོ་ནས་བོད་རིགས་བྱིས་པའི་དུས་རབས་ཀྱི་དགོས་མཁོ་དང་དངོས་ཡོད་ལ་དམིགས་ཤིང་སློབ་དེབ་ཀྱི་སྒྲིག་གཞི་གོ་རིམ་ལྡན་ལ་ཚན་རིག་དང་མཐུན་པ་ཞིག་ཏུ་བསྒྲིག་ཅི་ཐབས་ལ་འབད་པ་བྱ་དགོས་སོ།།
བཞི། འཁྲིད་ཐབས་ཕྱོགས་ཀྱི་བཅོས་བསྒྱུར།
 སློབ་མའི་སློབ་སྦྱོང་གི་ཆུ་ཚད་ཇེ་མཐོར་གཏོང་དཀའ་བའི་གནད་དོན་དེར་ཕྱོགས་སོ་སོ་ནས་བསམ་བློ་བཏང་ན་དགེ་རྒན་གྱི་སློབ་ཁྲིད་བྱེད་ཐབས་ཀྱི་གནད་དོན་ཡང་ཡིན། སྐད་ཡིག་སློབ་ཁྲིད་ཀྱི་ལས་དང་པོ་ན་ཡོད་པའི་དགེ་རྒན་རྣམས་ཀྱིས་ཐོག་མར་སྐད་ཡིག་བསླབ་ཚན་ཚད་གཞི་ལ་སློབ་སྦྱོང་ནན་མོ་བྱས་ཏེ་དེ་ལས་གཏན་ལ་ཕབ་པའི་བསླབ་ཚན་གྱི་དམིགས་ཚད་ལས་སྤྱི་དང་བྱེ་བྲག་གི་དམིགས་ཚད་ལ་རྒྱུས་ལོན་ཟབ་མོ་དང་སློབ་ཁྲིད་ཀྱི་གྲོས་གཞི་ལ་གོ་བ་བླངས་ཏེ་སློབ་ཁྲིད་ཀྱི་ཐབས་ཇུས་གང་འདྲ་སྤྱད་ན་སློབ་མའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་སྐད་ཡིག་སློབ་སྦྱོང་གི་ཆོས་ཉིད་ལ་མཐུན་པར་བསམ་བློ་སྔོན་ལ་གཏོང་དགོས་པ་དང་།   དེ་ནས་ལོ་རིམ་གང་གི་སློབ་ཚན་གང་ཞིག་ཁྲིད་ཀྱང་སློབ་ཁྲིད་གྲ་སྒྲིག་འདང་ལ་འཁྲིད་ཐབས་ལེགས་ཤོས་ཤིག་འདེམས་ངེས་ཡིན་པས།   དགེ་རྒན་གྱི་སློབ་ཁྲིད་ལ་གོ་རིམ་ཡོད་ལ་གསོན་ཤུགས་ལྡན་ནོ།   དགེ་རྒན་འགའ་རེས་སློབ་ཁྲིད་བྱེད་ཐབས་ལ་བཅོས་བསྒྱུར་མེད་པར་ནམ་ཡང་གླུ་བརྒྱ་ངག་གཅིག་ལྟར་སློབ་ཚན་ཁྲིད་སྐབས་མིང་ཚིག་འགྲེལ་བ་དང་། ཀློག་འདོན སློབ་ཚན་གྱི་ནང་དོན་བཤད་པ་བཅས་ཀྱིས་རྫོགས་འགྲོ ། དོན་ལ་སློབ་མ་བྱིངས་ཀྱི་ཤེས་རྟོགས་ལ་དཔྱད་འཇོག་མེད་པར་རང་ཉིད་ཀྱི་འགན་འཁུར་འགྲུབ་སོང་སྙམ་པའི་ཉི་མ་འཁྱོལ་ཐབས་དེས་སློབ་ཐུན་རེ་རེ་བརླག་འགྲོ   གོང་གི་འཁྲིད་ཐབས་དེ་ལ་སྐྱོན་ཆ་ཅུང་མང་སྟེ།   གཅིག་ནས་དགེ་རྒན་དང་སློབ་མ་མཉམ་འབྲེལ་མེད་པས་དགེ་རྒན་ཁོ་ན་འཁྲབ་སྟོན་པར་གྱུར་པ་དང་། དགེ་རྒན་དང་སློབ་མའི་བར་བཤད་རེས་ཉན་རེས་ཀྱི་བརྗེ་རེས་སློབ་ཁྲིད་དུ་མ་སོང་བའི་ཁར་སློབ་མའི་ནུས་པ་སྐྱེད་སྲིང་བྱེད་པའི་སློབ་ཁྲིད་དང་རིང་དུ་གྱེས། གཉིས་ནས་སློབ་མའི་བསམ་གཞིགས་དང་གསར་གཏོད་གྱི་ནུས་པ་སྔོག་འདོན་མེད་པར་དགེ་རྒན་གྱི་ཁྲིད་ཁོ་ན་ལས་སློབ་མའི་སློབ་ལ་གདེངས་འཇོག་མེད་པ་ལྟ་བུ་རེད།   སློབ་ཚན་ཞིག་འཁྲིད་སྐབས་ཆེས་གཙོ་བོ་ནི་སློབ་མའི་འཕེལ་རྒྱས་ཡིན་པས་དེ་ནི་སློབ་ཁྲིད་བཟང་ངན་གྱི་ཚད་འཇལ་ཁྲེ་ཙི་ལྟ་བུ་རེད། དེ་བས་དགེ་རྒན་སུ་ཡིན་ན་འཁྲིད་ཐབས་སྣ་གཅིག་སྤྱད་དེ་མི་འདུག་པར།    བརྡ་སྤྲོད་དང་དག་ཡིག   ལེགས་བཤད། གབ་ཚིག་   བསླབ་བྱ་སོགས་སྲོལ་རྒྱུན་རིག་གནས་སློབ་ཁྲིད་བྱེད་ཐབས་ལྟར་རྨང་གཞི་ཤེས་བྱའི་ཚད་དུ་བཟུང་ནས་ནང་དོན་གསལ་བོར་འཆད་པ་དང་།   བློ་ལ་ངེས་སུ་འཇུག་པ།    སྐད་ཆ་དང་རྩོམ་དུ་བེད་སྤྱོད་གཏོང་ཏུ་འཇུག་པ་བཅས་བྱེད་པ་དང་། གཏམ་རྒྱུད་དང་བྱིས་སྒྲུང་སོགས་འཁྲིད་སྐབས་ཐོག་མར་སློབ་ཚན་ནང་གི་མིང་ཚིག་གསར་བའི་འབྲི་ཀློག་དོན་གསུམ་བྱང་ཆུབ་ཏུ་འཇུག་པ་དང་། དེ་ནས་སློབ་ཚན་གྱི་ཀློག་བྱང་ཆུབ་ཏུ་བཅུག་རྗེས་གཏམ་རྒྱུད་ཀྱི་ནང་དོན་ལྟར་དགའ་སྡང་ཆགས་གསུམ་སོགས་ཕྱིར་མངོན་ནས་གཏམ་རྒྱུད་བཤད་པའི་ཚུལ་གྱིས་འཁྲིད་པ་དང་སློབ་མས་ཀྱང་གཞན་ལ་བཤད་རྒྱུ་ཡང་ཡང་སྦྱོད་དུ་འཇུག་རྒྱུ་གལ་ཆེ།   སློབ་ཚན་འཁྲིད་སྐབས་སློབ་ཚན་དེའི་ནང་གི་མིང་ཚིག་དང་སློབ་ཚན་ཀློག་འདོན་གཙོར་བཟུང་ཞིང་སྲོལ་རྒྱུན་སློབ་ཁྲིད་བྱེད་ཐབས་དང་དེང་རབས་བརྡ་འཕྲིན་སློབ་གསོའི་སློབ་ཁྲིད་བྱེད་ཐབས་ཟུང་འབྲེལ་སྒོས་ནང་དོན་འཆད་འཁྲིད་བྱས་ན་ཚིག་དོན་ལ་གོ་བ་ལེན་པ་དང་བརྗོད་དོན་རྟོགས་པར་དགེ་མཚན་ཆེན་པོ་ལྡན་པར་མ་ཟད།    སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་དང་འདུན་པ་སྐྱེད་སྲིང་བྱེད་ཐུབ།    གཞན་སློབ་མའི་སྐད་ཡིག་གི་ཆུ་ཚད་ཇེ་མཐོར་གཏོང་ན་དགེ་རྒན་དུས་དང་རྣམ་པ་ཀུན་ཏུ་སློབ་མར་འགྲོགས་ཤིང་སློབ་མར་རྒྱུས་ལོན་བྱེད་པ་དང་། སློབ་མ་ལ་སློབ་ཚན་ཀློག་འདོན་དང་བློར་འདོན་གྱི་དུས་ཚོད་མང་དུ་བཙལ་ནས་སློབ་མའི་ལོ་ཆུང་གི་རིག་པ་ཆུད་ཟོས་སུ་གཏོང་དུ་མི་འཇུག་པར་ཤེས་བྱ་མང་པོ་བློར་འཛིན་དུ་འཇུག་རྒྱུ་གལ་ཆེའོ།། ང་ཚོས་རྒྱུགས་ཀྱི་ཆེད་དུ་སློབ་ཁྲིད་བྱེད་པ་ལྟར་ཐ་སྙད་དང་སྦྱང་གཞི་ཁོ་ན་སྦྱོང་དུ་བཅུག་ནས་སློབ་ཚན་ཀློག་འདོན་གཙོ་བོར་མ་བཟུང་ན་སློབ་ཚན་ལེགས་ཤོས་ཅི་ཙམ་ཡོད་པ་དང་སློབ་དེབ་བཟང་བོ་ཅི་འདྲ་ཡིན་ནའང་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་གཏོང་མི་ཐུབ་བོ།།
མདོར་ན་ང་ཚོས་འཁྲིད་ཐབས་ཀྱི་ཞན་ཆ་བཅོས་བསྒྱུར་དང་མི་འདང་སར་ཁ་སྐོང་། གཞན་གྱི་ལེགས་ཆ་བསྡུ་ལེན་དང་ལྷག་པར་དེང་རབས་ཀྱི་སློབ་ཁྲིད་བྱེད་ཐབས་གསར་བ་ནང་འདྲེན་། སྒོས་
སུ་རང་རེའི་བོད་ཀྱི་སྲོལ་རྒྱུན་འཁྲིད་ཐབས་ལས་ཀྱང་ལེགས་ཆ་རྣམས་རྒྱུན་འཛིན་བྱས་ཏེ་ལོ་རིམ་དང་པོ་ནས་གཉིས་པར་མིང་དང་ཡི་གེའི་སྦྱོར་ཀློག་གཙོ་བོར་འཛིན་པ་དང་། ལོ་རིམ་གསུམ་པ་ནས་བཞི་བར་ཚིག་དང་ཚིག་གི་དོན་ལ་གཞོལ་བ།   ལོ་རིམ་ལྔ་བ་ནས་དྲུག་པར་ནང་དོན་ཕྱོགས་ནས་གཙོ་བོར་བཟུང་སྟེ་ཚིག་རྒྱས་བསྡུས་འབྲི་སྟངས་དང་རྩོམ་ཐུང་འབྲི་བ་སོགས་ལ་འབད་པ་བྱས་ནས་སློབ་མའི་སྐད་ཡིག་གི་ཆུ་ཚད་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུ་ནི་གལ་ཆེན་དུ་རིགས་སོ།།
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།