སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

སློབ་ཆུང་སློབ་མར་སྐད་ཡིག་ཉམས་ཞན་དུ་འགྲོ་བའི་རྒྱུ་རྐྱེན་འགའ་གླེང་བ།

སྤེལ་དུས། 2017-01-13 20:30:03    རྡེབ་ཚད།
མཉམ་སྤྱོད་གནས།
   

 

སློབ་ཆུང་སློབ་མར་སྐད་ཡིག་ཉམས་ཞན་དུ་འགྲོ་བའི་རྒྱུ་རྐྱེན་འགའ་གླེང་བ།

བསྟན་འཛིན་ལྷ་དར།

 

 
ཕྲན་ནི་སློབ་མཐར་ཕྱིན་ནས་ལོ་ཉག་བཅུ་ཡི་རིང་སློབ་ཆུང་ལ་སྐད་ཡིག་ཁྲིད་མཁན་གྱི་དགེ་རྒན་ཕལ་པ་ཞིག་དང་ཉམས་མྱོང་དབེན་པ་ཞིག་གི་ཆ་རུ་ཉུལ། ཡིན་ནའང་ཉམས་མྱོང་ནི་གོམ་ཕྱེད་ལས་གྲུབ་ཟེར་བ་དཔེ་ལྟར་དེ་ཡི་ཁྲོད་དུ་བསགས་པའི་དངོས་ཡོད་མཐོང་ཐོས་ཕྲན་བུ་འགའ་གླེང་ན་འདི་ལྟར།
གཅིག ཁྱིམ་ཚང་གི་སློབ་གསོ་ཞན་པ།
བོད་སྐད་ཡིག་གནས་བབ་འདི་ལྟར་ལྷུང་བས་སློབ་མའི་ཁྱིམ་བདག་གིས་སློབ་གསོ་ལ་ཤུགས་རྐྱེན་ངན་པ་ཐེབས་ནས་ཕྲུ་གུས་བོད་ཡིག་འདོན་པའི་སྒྲ་ཐོས་པ་ཙམ་གྱིས་ཁྱོད་དགོན་པའི་གྲྭ་པ་དང་གྲོང་གསེབ་ཀྱི་ཨ་མཆོད་བྱ་རྩིས་ཡིན་ནམ་ཞེས་བཀའ་འདྲི་གནང་མཁན་ཡང་མི་ཉུང་བ་འདུག་པ་མ་ཚད་དེ་བཞིན་སློབ་མ་སློབ་གྲྭ་གཏོང་བ་ཙམ་དང་སློབ་གྲྭའི་ཟས་ཟོས་པ་ཙམ་གྱིས་འགྲིག་པར་རྟོགས་ནས་སློབ་སྦྱོང་ལ་ཧུར་བརྩོན་དང་བག་མེད། ལེ་ལོ། སྤྱོད་ངན་སོགས་སྤོངས་དགོས་པའི་སྐུལ་ལྕག་ཉིད་ནས་དོར་བ། ཐུབ་དབང་རིན་པོ་ཆེ་ཞལ་ནས། དོན་ཆུང་རྟ་རྔ་ཙམ་གྱི་ཆེད་དུ། དོན་ཆེན་རི་བོ་རྒྱབ་ཏུ་ཡོལ་གསུངས་པ་ལྟར་ད་དུང་ཁྱིམ་བདག་ཁ་ཤས་ཀྱིས་གནས་སྐབས་ཀྱི་ཁེ་དབང་ལ་བལྟས་ཏེ་ཕྲུ་གུའི་མི་ཚེ་མདུན་ལམ་འཕུང་དང་འཕུང་བཞིན་འདུག
གཉིས། དགེ་རྒན་ལ་གཙིགས་འཛིན་མེད་པ།
སྤྱི་ཚོགས་ཀྱི་བགྲོས་རིམ་བཞིན་དགེ་རྒན་ལ་བརྩི་མཐོང་ཇེ་ལོད་དུ་ཕྱིན་ནས་ཁྱིམ་བདག་ཚོས་རང་ཉིད་ཀྱི་ཕྲུ་གུའི་ཤེས་ཡོན་ལེགས་ཉེས་ཀུན་དགེ་རྒན་གཅིག་པུར་བཀལ་བ་ལྷག་པར་དུ་གྲོང་གསེབ་ཁག་གི་ཁྱིམ་བདག་ཚོས་ཕྲུ་གུས་སློབ་གྲྭ་ནས་ག་ཚོད་སྦྱང་བ་ལས་ཁྱིམ་དུ་ལོག་དུས་སུ་ཇུས་གཏོགས་མ་གནང་བ་མ་ཟད་ད་དུང་དགོད་བྲོ་བ་ཞིག་ལ་ལས་གཉེར་ཅུང་མང་དྲགས་ན་ཁྱིམ་བདག་ཚོས་སུན་སྣང་སྐྱེ་ཞིང་ཕྲུ་གུ་ལོ་ན་ཕྲ་བས་ཀླད་པའི་ངལ་གསོ་ཉུང་འདུག་ཅེས་བརྗོད་མཁན་ཡང་འདུག ཡང་ལྷག་བསམ་ཅན་གྱི་སློབ་ཚན་ཁྲིད་མཁན་དག་ལ་རྟག་པར་དཔུང་པ་བརྫེ་ཞིང་ཁྱོད་ཤི་ང་གསོན་གྱི་ཡིད་མུག་གི་གནས་སུ་གྱར་ནས་དགེ་རྒན་གྱི་གླ་ཕོགས་ཁྱིམ་བདག་ཚོས་རེ་མཁན་ཡང་ཐོན་པ་མ་ཟད་ཟླ་བའི་ཐ་ཚིག་སྒྲོག་མཁན་ཇེ་མང་ནས་ཇེ་མང་དུ་ཕྱུག་བཞིན་འདུག
གསུམ། སློབ་སྤྱི་ཡིས་ངེས་པར་དུ་སློབ་མའི་སྦྱངས་འབྲས་ལ་དོ་སྣང་བྱེད་དགོས།
སློབ་སྤྱི་ནི་དགེ་རྒན་ཀུན་གྱིས་མིག་དཔེ་དང་ལས་སྣེ་འཛིན་མཁན་གྱི་གྲུ་ཤན་ཞིག་ཡིན་པས་རྟག་ཏུ་སློབ་མའི་ཤེས་ཚད་ཇེ་ལེགས་གཏོང་ཐབས་ལ་འབུངས་དགོས་མ་གཏོགས་རང་ཉིད་དབང་འཕར་གྱི་དོན་དུ་དེ་རིང་གི་འཆར་གཞི་སང་ཉིན་ལ་ཡལ་བ་དང་ དགེ་རྒན་ལ་ལེགས་ཉེས་དབྱེ་བ་མེད་པ། དོན་མེད་ལས་ལ་ཤུགས་ཆེ་བ། འདུམ་ཐབས་ཀྱི་བསམ་པ་ཕྲ་བ།གཙོ་ཕལ་གྱི་ལས་མེད་པ། གོང་འབུལ་རྩིས་སྤྲོད་ཀྱི་རང་བཞིན་ཆེ་བ་བཅས་ཀྱི་སྤུད་ན་སློབ་གྲྭ་དེ་ཉིད་ནི་ནམ་ཡང་རེ་བ་མེད་པའི་བེམ་རོ་ལྟར་ལུས་པ་མ་ཟད་སློབ་སྤྱི་ཁོང་ཉིད་ཀྱང་ལོ་རྒྱུས་ཀྱི་ཉེས་ཅན་པ་ཞིག་གྲལ་དུ་འཇུག་པ་གདོན་མི་ཟ་སྙམ།
བཞི། དགེ་རྒན་རང་ཉིད་ཀྱི་ཀུན་སྤྱོད་ལ་གཟབ་དགོས་པ།
ལོ་ན་གཞོན་པའི་དགེ་རྒན་ཚོས་སྤམ་རྫུའི་མེ་ལྕེ་རབ་ཏུ་འབར་ཞིང་གཞན་ཕན་གྱི་བསམ་པ་དོར་བ། མི་དགོས་པའི་ཆང་རག་ཤོ་བག་སོགས་ཀྱི་ལས་དང་འགྲོགས་ནས་དོན་མེད་སློབ་སྤྱིར་ལ་བཀུར་གཟོའི་ངོ་དགའི་རྐུབ་གཡོག་རྒྱུགས་རྒྱུ་དུས་འདའ་བ་བྱེད་ད་དུང་ཁ་ཤས་ཀྱིས་འདྲ་བའི་ཆ་ནས་སློབ་མ་ལ་མིང་འདྲ་མིན་བཏགས་པས་སློབ་མ་ཀུན་གྱིས་དེ་ལྟར་འབོད་པས་སློབ་མ་དེ་ཡིས་ངོས་ནས་བརྗོད་ན་ཇི་ལྟར་སོས་ཐབས་བྲལ་བའི་རྨ་ཁ་ཆེན་པོ་ཞིག་ཏུ་གྱུར་ལ་དོན་དེ་ནི་ང་ལ་བྱུང་བའི་དངོས་ཡོད་ཀྱི་གཏམ་རྒྱུད་ཚ་མོ་ཞིག་མཆིས། ལོ་ན་རྒན་པའི་དགེ་རྒན་ཚོས་མིག་དཔེ་ཡི་གནས་མཆོག་དང་བྲལ་ཞིང་དབྱེན་དཀྲུག་ཀྱི་བྱ་བ་ལ་གཉེར་ཞིང་སློབ་ཚན་ཁྲིད་རྒྱུ་ལྟ་ཞོག་སློབ་ཁྲིད་འཆར་ཟིན་ཀྱང་བོར་ནས་སྔ་དགོང་སྒེར་ལས་ལ་བྲེལ་མཁན་ཡང་དུ་མ་ཐོན་པས་དགེ་རྒན་ཀུན་གྱིས་ངེས་པར་དུ་ཐུགས་འཇགས་མཛད་རྒྱུ་ལ་ཚུལ་མིན་གྱི་སྤྱོད་པ་རིང་དུ་སྐྱུར་ནས་གལ་ཆེ་བ་དང་ཕན་འབྲས་ཆེ་བ་ནི་བུམ་པ་གང་བྱོས་སློབ་མར་སྦྱངས་འབྲས་ཇེ་ལེགས་སུ་གཏོང་ཐབས་བྱེད་རྒྱུ་དེ་མ་རེད་དམ་སེམས།
 
ལྔ། སློབ་ཚན་དང་འབྲེལ་བའི་ཤེས་བྱ་ངོ་སྤྲོད་གནང་རྒྱུ།
སློབ་གཞི་ཁོ་ན་ལ་བལྟས་ཏེ་སློབ་ཚན་ཁྲིད་ན་ཉེ་གནས་ཀྱི་སློབ་མ་དག་ཁྲོན་པའི་ནང་གི་སྦལ་པ་ལྟར་རྨོངས་སྲིད། དཔེར་ན༼ གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ༽ཞེས་པའི་སློབ་ཚན་ནང་གཡུ་ཐོག་ཁོང་ཉིད་སྨན་བཅོས་བྱེད་ལུགས་སྐོར་ཞིག་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་པ་ལས་གཞན་ཡབ་ཡུམ་གྱི་མཚན་དང་འཁྲུངས་འདས། མཛད་རྗེས། རྒྱུད་བཞིའི་ལོ་རྒྱུས་སོགས་ངོ་སྤྲོད་ཁ་གསལ་བྱེད་མེད་པ་ལྟར་ནམ་རྒྱུན་སློབ་ཚན་དེ་དང་འབྲེལ་བའི་ཤེས་བྱ་གང་མང་གསོག་འཇོག་གནང་རྒྱུ་འགངས་ཆེ།
དྲུག  བྲིས་གཟུགས་ལ་དོ་སྣང་བྱེད་དགོས་པ།
དགེ་རྒན་རང་ཉིད་ཀྱིས་རྒྱུན་དུ་ལས་གཉེར་བཅོས་པ་དང་ནག་པང་སྟེང་ཡི་གེ་འབྲི་བ་སོགས་བྱེད་དུས་ངེས་པར་དུ་འབྲི་སྟངས་གོ་རིམ་བཞིན་ཐིག་བཟུང་ནས་གཟུགས་ཐོན་པོ་ངང་འབྲི་བ་དང་རེ་བ་ཆེ་ཙམ་བྱེད་ནས་མང་ཙམ་འཆད་ན་ད་གཟོད་སློབ་མས་ཀྱང་རང་འགུལ་གྱིས་དོ་སྣང་བྱེད་སྲིད། དེ་ཡང་འཇམ་མགོན་ཀོང་སྤྲུལ་གྱིས། སྣག་ཤོག་སྨྱུ་གུ་མི་གཟབ་པར། ཡི་གེ་གཟོབ་འདོད་ཡིག་མཁན་འཁྲུལ། ཞེས་དང་། འཇུ་མི་ཕམ་གྱིས། འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི། དང་པོ་ཉིད་ནས་འདི་ལ་འབད་པར་གཅེས།གསུངས་པ་ལྟར་ཐོག་མར་དགེ་རྒན་གྱི་ངོས་ནས་གཟབ་དགོས་པ་དང་དེ་རྗེས་སློབ་མ་ལ་ཡོ་བསྲང་བྱེད་ཐུབ།
 
བདུན། སློབ་ཚན་ནང་དཀའ་གཙོ་གནད་མི་གསལ་བ།
སློབ་ཚན་ཁྲིད་པའི་བརྒྱུད་རིམ་ཁྲོད་འཆད་བྱ་གང་ལ་དཀའ་གཙོ་གནད་ངེས་པར་དུ་གསལ་དགོས་བ་ལས་དོན་མེད་སློབ་ཚན་དང་འབྲེལ་བ་མེད་པའི་གཏམ་རྙོག་གླེང་ནས་སློབ་མས་རྟོགས་བྱ་དང་བཤོལ་བྱ་གང་ཡིན་བརྡ་ཤ་ཆོད་དཀའ་བར་ཕྱིན་པ་ ད་དུང་རང་ཉིད་ཀྱིས་སྔོན་ལ་སློབ་ཚན་མ་ཀློག་པའི་རྐྱེན་གྱིས་སློབ་ཚན་འདོན་སྐབས་གཅོད་མཚམས་ནོར་བ་དང་འགྲེལ་མ་ཐུབ་པ་བཅས་ཀྱི་སྐྱོན་ཆ་འདྲ་མིན་ཐོན་དང་ཐོན་བཞིན་འདུག་པས་དགེ་རྒན་ཚོས་སློབ་ཁྲིད་གྲ་སྒྲིག་གནང་རྒྱུ་ཐད་སྣང་ཆུང་གཏན་ནས་བྱེད་རྒྱུ་མི་འདུག་སྙམ།
བརྒྱད། སློབ་གྲྭའི་ནང་དུ་སྐད་ཡིག་གི་བྱེད་སྒོ་ཉུང་བ།
སློབ་གྲྭ་ནང་དུ་སྐད་ཡིག་གི་ཐོག་ནས་བྱེད་སྒོ་འདྲ་མིན་སྤེལ་རྒྱུ་དེ་ཧ་ཅང་ཉུང་བའི་རྐྱེན་གྱིས་སྦྱང་འདོད་ཀྱི་འདུན་པ་ཡང་ཇེ་ཞན་དུ་འགྲོ་གི་ཡོད་པས་རྒྱུན་དུ་རྩོམ་འབྲི་རྒྱུའི་བྱེད་སྒོ་དང་བྲིས་གཟུགས། སྒྲུང་གཏམ། བོད་མི་གྲགས་ཅན་གྱི་ལོ་རྒྱུས་གླེང་རྒྱུ་བཅས་འགྲན་བསྡུར་སྣ་མང་ཕུན་སུམ་ཚོགས་པ་བྱས་ན་སློབ་མའི་སྦྱང་འདོད་ཀྱི་བསམ་པ་དེའང་སྔར་ལས་གསོ་སྐྱོང་ཐུབ་པས་ད་ལྟ་ནས་གཞོལ་དགོས་པ་འོས་འདུག
དགུ། སློབ་གྲྭའི་ནང་ཕན་མེད་ཀྱི་ལས་རང་ག་བ་མང་བ།
གཡུའི་རྭ་བ་ནང་དུ་དོ་ལོ་རྡོའི་ཕྲ་སྤུད་ན་ཕྱི་ནང་ཀུན་ཏུ་ཚར་དུ་དངར་བ་ཞིག་དང་རྒྱུ་བ་མཁན་གྱིས་མཐའ་མཇུག་གི་ཤེས་ཚིག་ལྡབ་ལྡིབ་ཏུ་གྱུར་བ་གདོན་མི་ཟ། དཔེར་ན་པར་ཆས་སྤྱད་ནས་གསར་འགྱུར་གནད་བསྡུས་རྫུན་མ་བཟོ་བ། གསེར་ལས་དཀོན་པའི་བསྐལ་བ་ནང་གད་ཕྱིས་ཁོ་ན་བྱེད་པ་སོགས་ཀྱི་ཕན་མེད་ཀྱི་ལས་དེ་དག་དོར་ནས་དེ་བས་རང་ཚུགས་བརྟན་པོའི་སྒོ་ནས་ཨོ་ལོ་དེ་དག་ལ་དཀྱིལ་ཆེ་བའི་རིག་པའི་རྡོ་ཁ་རེ་སྤྲོད་ཨེ་ཐུབ་བྱས་ན་ཁྱེད་ཕ་རོལ་གདུང་ཐལ་དུ་འགྱུར་ནའང་ཡོད་ཚད་ཀྱི་མཆུ་རྩེ་རུ་དྭངས་གཙང་གི་སྨོན་ལམ་ཞིག་དང་ཡིག་དྲུག་གི་མ་ཎི་ཞིག་འབུལ་ངེས།
 
མདོར་ན། མཁན་ཚུལ་ཁྲིམས་བློ་གྲོས་ཞལ་ནས་གསུངས་པ་ལྟར། བོད་ཕྲུག་འདི་རྣམས་མ་འོངས་པའི་བོད་ཀྱི་ཆོས་དང་འཇིག་རྟེན་གཉིས་ཀྱི་བདག་པོ་ཡིན་ལ་འབྱུང་འགྱུར་བོད་ཀྱི་ལས་དབང་དེ་འདི་རྣམས་ལ་རག་ལས་ཡོད་གསུངས་པ་བཞིན། ད་ལྟ་ནས་ང་ཚོས་ཁ་གཡར་གྱི་རིག་པ་རིང་དུ་དོར་ནས་མྱོང་བ་ཕྱོགས་བསྡོམས་ཞིག་བྱས་ནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཞིག་ཕྱར་བ་གྲུ་འདེགས་ཀྱི་ཡོ་བསྲང་ཞིག་མ་ཐུབ་ན་སྐད་ཡིག་གི་མ་ཕྱི་སུམ་ཅུ་ཀྱང་ཀློག་མི་ཤེས་པའི་དུས་ཤིག་ཡོང་བ་རིང་པོ་མི་འདུག་ལགས།
སྨྲས་པ། ཕྲན་ལ་གཞན་སྐྱོན་བརྗོད་པའི་ཡོན་ཚད་ནི་མེད་ཀྱང་།། ཡུན་རིང་མྱོང་བ་གཏམ་ཞིག་མགྲིན་སྦུག་དུ་འཕྱུར་རྐྱེན།། དྲོན་གཏམ་ཟིལ་ཐིགས་སྨྲས་པས་བཟོད་གསོལ་སྟོང་བཞེས་རྒྱུ།། ཡོད་ཚད་གཞུག་མའི་ཆེད་དུ་ལྷག་བསམ་གྱིས་བྲིས་སོ།།
 
 
 

 

  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།