སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

ཕུལ་བྱུང་དགེ་རྒན་ཞིག་གིས་བྱ་དགའ་ཐོབ་པའི་མྱོང་ཚོར་བརྗོད་པ།

སྤེལ་དུས། 2016-11-28 18:58:20    རྡེབ་ཚད།
མཉམ་སྤྱོད་གནས།
   

 QQ图片20161128190635.jpg

གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་རྒན་ཚེ་རིང་བཀྲ་ཤིས་ཀྱིས་རྫོང་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་བཅུ་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྟེང་གི་གཏམ་བཤད་སྒྲ་བླངས་པ།

བཀུར་བར་འོས་པའི་མགོ་ཁྲིད་དང་སྙིང་ཉེ་བའི་དགེ་རྒན་རྣམ་པ།

ཚང་མ་ཕྱི་དྲོ་བདེ་མོ།

༢༠༡༦ལོའི་དགེ་རྒན་དུས་ཆེན་གྱི་སྐབས་འདིར། གཅན་ཚ་རྫོང་གི་སྐབས་གཉིས་པའི་དགེ་རྒན་མིང་ཆེན་བཅུའི་གཟེངས་བསྟོད་ཚོགས་འདུའི་སྟེགས་བུ་འདིའི་སྟེང་འགྲེངས་ནས། བྱ་དགའ་ཐོབ་མཁན་ཞིག་གི་མིང་ཐོག་ནས་འདིར་བཞུགས་ཀྱི་དགེ་གྲོགས་དག་གི་སྙན་ལམ་དུ་རང་ཉིད་ཀྱི་མྱོང་ཚོར་འགའ་གླེང་ཐུབ་བྱུང་བ་ལ། ང་རང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། དེས་ན་བདག་གིས་གོ་སྐབས་འདི་བེད་སྤྱད་ནས་ང་ཚོའི་བྱ་བའི་གྲུབ་འབྲས་ལ་དོ་སྣང་བྱེད་མཁན་གྱི་རྫོང་ཨུ་དང་། རྫོང་མི་དམངས་སྲིད་གཞུང་། རྫོང་སློབ་གསོ་ཅུའུ་བཅས་ཀྱི་མགོ་ཁྲིད་རྣམ་པ་དང་། མི་ཚེའི་དམིགས་འབེན་གཅིག་ཅིང་དངོས་ཤུགས་བརྒྱུད་གསུམ་ནས་ང་ཚོའི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ལས་གྲོགས་རྣམ་པར་ཡང་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། ཁྱེད་ཅག་གི་རྒྱབ་སྐྱོར་དང་སྐུལ་མ། ཡིད་ཆེས་མེད་ན་དེ་རིང་གི་ང་ཚོའི་གྲུབ་འབྲས་འདི་ཡོད་མི་སྲིད། ཁྱོད་ཚོ་བཀའ་དྲིན་ཆེ། ལྗིད་ཏིག་ཏིག་གི་བྱ་དགའི་མཚན་སྙན་འདི་ལག་ཏུ་བླངས་པ་དང་ཆབས་ཅིག་ཏུ། བྱ་དགའ་འདི་ལྟ་བུ་ཞིག་བདག་ལ་མི་འཛའ་གི་འདོད་པའི་ངོ་གནོངས་དང་། འགན་ཁུར་འདི་ལྟ་བུ་ཞིག་བདག་གིས་ཇི་ལྟར་ཐེག་ཨང་སྙམ་པའི་སེམས་ཁུར་ཆེན་པོ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་། ངོ་གནོང་དགོས་དོན་ཅི་ཡིན་ཟེར་ན། ང་ཚོ་བོད་ཀྱི་སྲོལ་རྒྱུན་གྱི་གཞུང་ན་དགེ་རྒན་ལ་༼གཙང་མཁས་གཞན་ལ་ཕན་པར་འདོད་༽ཅེས་སྤྱི་ལ་ཁྱབ་པའི་མཚན་ཉིད་གསལ་བོ་ཞིག་བཞག་ཡོད་པ་དང་། དེང་རབས་ཀྱི་སློབ་གསོའི་གཞུང་ལུགས་དག་ནའང་༼རང་དཔེ་གཞན་སྟོན༽དང་༼ཆེད་ལས་ཤེས་བྱར་བྱང་བ༽༼ཐབས་བཀོད་དང་ལྷག་བསམ་ཉིས་འཛོམས་༽སོགས་ཀྱི་རེ་བ་མང་པོ་བཏོན་ཡོད་པ་བཞིན། ང་རང་སྟེང་ན་ཡོད་པའི་འཇོན་ནུས་དག་ནི་དགེ་རྒན་མིང་གྲགས་ཅན་གྱི་ཚད་ཐིག་ནི་ཕར་ཞོག  ཆེས་སྤྱིར་བཏང་གི་དགེ་རྒན་ཞིག་གི་ཚད་གཞི་དང་ཡང་ཁ་ཐག་ཧ་ཅང་རིང་ལ། འདིར་བཞུགས་ཀྱི་དགེ་རྒན་དག་གི་ཁྲོད་ན་སློབ་གྲྭའི་མགོ་གཙོ་དག་གིས་མིང་འདོན་མ་བྱས་པ་དང་། རང་ཉིད་ཡར་ལངས་ནས་བྱ་དགའི་འགྲན་སྡུར་ཁྲོད་ཞུགས་མ་སྤོབས་པ་མ་གཏོགས། ང་ལས་ཤེས་འཇོན་གཉིས་ལྡན་དང་། ང་ལས་ལྷག་བསམ་ལྡན་པ་མང་པོ་ཞིག་ལ་བྱ་དགའ་མ་རག་པར་བཞུགས་ཡོད་པ་ལ་བསམ་ན། བྱ་དགའ་འདི་ལྟ་བུ་ཞིག་དེ་རིང་བདག་གིས་བླངས་པ་ལ་ཧ་ཅང་གིས་ངོ་གནོངས་པ་ཞིག་རེད་བསམ་གི  དེ་དང་ཞོར་དུ་བྱ་དགའ་འདི་ལྟ་བུ་ཞིག་དེ་རིང་བདག་གིས་བླངས་པ་ལ། གནོན་ཤུགས་ཀྱང་ཧ་ཅང་གིས་ལྕི་བའི་ཚོར་བ་སྟེར་གི   རྒྱུ་མཚན་ནི་བྱ་དགའ་འདི་ལྟ་བུ་ཞིག་བླངས་པ་ནི་དཔལ་འབྱོར་དང་སྙན་གྲགས་སྟེང་གི་ཁེ་ཆེན་པོ་ཞིག་རག་རྒྱུ་ཁོ་ན་ཙམ་མ་ཡིན་པར། འདིའི་ཞོར་དུ་གཅན་ཚ་ས་ཁུལ་གྱི་སློབ་གསོ་སློབ་ཁྲིད་ཀྱི་བྱ་བར་སྣ་ཁྲིད་བྱེད་པའི་འགན་ཁུར་ཡང་ཆེན་པོ་ཞིག་ཕྲག་ཏུ་བབས་ཡོད་པ་རེད། དེས་ན། བདག་ལྟ་བུ་གཅིག་ནས་བོད་རང་གི་སྲོལ་རྒྱུན་རིག་གནས་ཀྱི་ཕུགས་མེད་པ། གཉིས་ནས་དེང་རབས་རྒྱལ་ཁབ་ཕྱི་ནང་གི་སློབ་གསོའི་གཞུང་ལུགས་ལ་སློབ་སྦྱོང་བྱས་པའི་གོ་བ་མེད་པ། གསུམ་ནས་སློབ་ཁང་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་ནས་འདི་དང་གན་བཟེ་ནས་ཉམས་མྱོང་ཁྱད་པར་ཅན་སྟོན་རྒྱུ་མེད་པ། བཞི་ནས་གཞན་ཕན་སྙིང་རྗེ་ཡི་ཕན་སེམས་ཆུང་བ་ཞིག་གིས། མིང་གི་ཚོད་ཀྱིས་རྗེས་ཕྱོགས་གཞུང་ལུགས་དང་ལག་ལེན་ཉིས་ཆ་ནས་གཅན་ཚའི་སློབ་གསོ་ལ་ཕན་ཐོགས་པའི་ལས་ཀ་ཅི་ཡང་བྱེད་ཐུབ་རྒྱུ་མ་རེད་བསམ་ནས་སེམས་ལ་གནོན་ཤུགས་ཀྱང་ཆེན་པོ་ཞིག་སྐྱེས་གི  སློབ་གསོ་སྲིད་འཛིན་སྡེ་ཁག་གི་ངོས་ནས་བཤད་ན། འདི་ལྟ་བུའི་བྱ་དགའ་གཟེངས་བསྟོད་ཀྱི་བྱ་འགུལ་དང་། དགེ་རྒན་གསོ་སྦྱོང་གི་བྱ་འགུལ། སློབ་གསོ་ལྟ་སྐུལ་གྱི་བྱ་འགུལ་རབས་དང་རིམ་པར་སྤེལ་བ་འདི་དག་ནི། གཅིག་ནས་སློབ་གསོའི་ལས་ཀ་ལ་འགན་ཁུར་བ་དང་། གཉིས་ནས་སློབ་ཁྲིད་ཞིབ་འཇུག་དང་ཆེད་ལས་རྐང་འཛིན་དགེ་རྒན་སྐྱེད་སྲིང་གི་མིག་རྒྱང་རིང་བ། གསུམ་ནས་དགེ་རྒན་གྱི་ལས་ཀར་ཟབ་ཞུགས་དང་། ཡིན་འཇོག་བྱས་པ། བཞི་ནས་སློབ་གསོ་ཚན་རིག་ཅན་དང་མ་ལག་ཅན་དུ་འགྱུར་བའི་མགོ་རྩོམ་བཞིན་པ་མཚོན་པས། ང་རང་ཉིད་མི་སྒེར་གྱི་ངོས་ནས། མགོ་ཁྲིད་རྣམ་པའི་བྱ་བར་ཁས་ལེན་ཡོད་པའི་ཞོར་དུ། མ་འོངས་པར་ཡང་མི་རང་ཉིད་ནས་མགོ་བརྩམས་ཏེ་མུ་མཐུད་དུ་མགོ་ཁྲིད་དག་གི་རེ་བ་སྟོང་ཟད་དུ་མ་བཏང་བར། མི་རིགས་ལ་འགན་ཁུར་བ་དང་། སློབ་གསོ་ལ་འགན་ཁུར་བ། སློབ་མ་ལ་འགན་ཁུར་བའི་དགེ་རྒན་ཚད་ལྡན་ཞིག་བྱེད་པར་བརྩོན་ཏེ། གཅན་ཚའི་མི་རབས་རྗེས་མ་སྐྱེད་སྲིང་གི་ཆེད་དུ་ཧུར་བརྩོན་བྱེད་རྒྱུའི་ཆོད་སེམས་བརྟན་པོ་བཅངས་ཡོད།  

མཇུག་མཐར་ཡུལ་གཅན་ཚ་ཡི་མི་རིགས་སློབ་གསོའི་མ་ལག་འཐུས་ཇེ་ཚང་དང་། སློབ་ཁྲིད་ཐབས་ཤེས་ཇེ་ལྡན། དགེ་རྒན་དག་ལ་ཤེས་རབ་དང་ཐབས་བཀོད་གཉིས་འཛོམས། སློབ་མ་དག་ལ་བློ་གྲོས་དང་བརྩོན་པ། གུས་པ་སུམ་ལྡན་ཡོང་སྟེ་གཅན་ཚའི་མི་རིགས་སློབ་གསོའི་ཁོར་ཡུག་ཆེན་མོ་འགྲུབ་པའི་སྨོན་འདུན་དང་། དགེ་གྲོགས་རྣམ་པའི་ལུས་ལ་ན་ཚ་མེད་ཅིང་བྱ་བ་ཐམས་ཅད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་དང་བཅས་དེ་རིང་གི་སྙན་ཞུ་མཇུག་རྫོགས་པ་ཡིན།  

ཚང་མས་ཉན་པར་ཐུགས་རྗེ་ཆེ། 

  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།