སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

བོད་ཀྱི་རོང་འབྲོག་ཕྱོགས་ས་ཁུལ་གྱི་ཁྱིམ་བདག་སློབ་གསོའི་སྐོར་གླེང་བ།

སྤེལ་དུས། 2017-04-05 08:25:13    རྡེབ་ཚད།
མཉམ་སྤྱོད་གནས།
   

བོད་ཀྱི་རོང་འབྲོག་ཕྱོགས་ས་ཁུལ་གྱི་ཁྱིམ་བདག་སློབ་གསོའི་སྐོར་གླེང་བ།

                     གཅན་རྣམ་ཐར།

བྱིས་པའི་ཕ་མ་གཉིས་སམ་བཟའ་མི་གཉེན་ཉེ་རྒན་གྲས་རྣམས་ནི་ཁྱིམ་ཚང་གི་སློབ་གསོ་གཏོང་མཁན་གཙོ་བོ་ལས་གཙོ་བོ་ཡིན་དགོས། སློབ་མ་རང་ཉིད་ནི་ཁྱིམ་ཚང་གི་སློབ་གསོ་མྱོང་མཁན་ནམ་ལག་ལེན་མཁན་གཙོ་བོ་ལས་གཙོ་གྲས་ཡིན་དགོས། ཕ་མ་བཟང་བོའི་བུ་ཕྲུག་དང་དགེ་རྒན་བཟང་བོའི་དགེ་ཕྲུག་ཅེས་པ་ལྟར། ཕ་མ་གཉིས་གཙོ་བྱས་ཏེ་བཟའ་མི་རྒན་གྲས་རྣམ་པས་དུས་དང་རྣམ་པ་ཀུན་ཏུ་རང་གི་བྱིས་པའམ་སློབ་བུ་དེ་ལ་ཕྱོགས་ཡོངས་ནས་གོ་བསྐོན་བློ་འགུགས་སྒོས་གང་ཐད་ནས་སེམས་རྒྱུད་ཡ་རབས་སུ་སྐུལ་བར་སློབ་གསོ་སྣ་མང་བཏང་ནས་བྱིས་པ་ཡ་རབས་ཤིག་ཏུ་འགྱུར་བར་ཐབས་བརྒྱ་ཇུས་སྟོང་གིས་འབད་པ་བྱེད་དགོས་པ་ལས། བྱིས་པའི་འདོད་ཐོག་དང་བསམ་ཐོག་ལ་རྟ་རྒྱུགས་སུ་བཅུག་ནས་གང་འདོད་ཅི་དྲན་བྱེད་དུ་བཅུག་ན་མཇུག་འབྲས་བློ་ཡུལ་དུ་ཤོང་དཀའ་བའི་དོན་དག་འབྱུང་སྲིད། དེ་བས་ཁྱིམ་བདག་གིས་སྔ་ས་ནས་རང་རང་གི་བྱིས་པ་དག་ལ་ཕྱོགས་འདི་དག་ནས་སློབ་གསོ་ལེགས་པོ་གཏོང་རྒྱུ་གལ།
གཅིག བསམ་བློ་ཀུན་སྤྱོད་མཐོར་འདེགས་སུ་གཏོང་བར་སྐུལ་བ།
ནམ་རྒྱུན་བྱིས་པའི་སྤྱོད་ལམ་ལ་གཟབ་གཟབ་བྱས་ཏེ། བྱིས་པའི་བསམ་པའི་གོ་རྟོགས་ཇི་ལྟར་མཐོ་རུ་གཏོང་བར་སེམས་ཀྱིས་བསམ་གཞིག་དང་། མིག་གིས་ཡ་རབས་དཔེ་བཟང་ལ་ཟུར་ལྟ་བྱེད་དུ་བཅུག་སྟེ། ཁྱིམ་ནས་ཕ་མ་རྒན་རྒོན་གྱི་ཁ་ལེན་ཚིག་བརྩི་དང་། བྱ་སྤྱོད་ཚད་ལྡན་དང་། གུས་ལུགས་གུས་སྲོལ་ཤེས་པ། འགྲོ་ཤེས་འདུག་ཤེས་བྱེད་པ། ཀུན་སྤྱོད་མཛེས་པའི་བྱིས་པ་ཡ་རབས་ཤིག་གི་སྣང་བརྙན་ཕ་མ་རྒན་རྒོན་རྣམས་ཀྱི་མིག་ལམ་དུ་འཇགས་སུ་འཇུག་དགོས་པ་དང་། ཕྱི་ནས་ཆེ་བར་བརྩི་བཀུར་དང་ཆུང་བར་བྱམས་སྐྱོང་། ཁ་འཇམ་ཚིག་ཡག   ཀུན་ལ་འཆམ་མཐུན་ཀུན་འགྲིག་དང་། གཡོ་སྒྱུ་སྣ་འཛོམས་ཀྱི་ཐབས་འཕྲུལ་མི་འཛོམས་པ། ཡ་རབས་ཚུལ་མཐུན་དང་། གཡོ་ཟོལ་བྲལ་བའི་བྱིས་པ་དྲང་བོ་དྲང་གཞག་ཅིིག་བྱེད་པ། རྒྱུན་དུ་རང་གི་སེམས་ལ་བདག་བྱས་ཏེ་སེམས་བཟང་དགེ་བའི་ཕྱོགས་སུ་སྐུལ་བར་འབད་དགོས་པ་དང་། ཀུན་སྤྱོད་དང་གཤིས་རྒྱུད་མི་ལེགས་པའི་མ་རབས་མགོ་སྟོང་གི་མི་ལ་གྲོགས་མི་བསྒྲིག་པར་རྒྱང་དུ་བཀྱེད་དགོས་ཚུལ་དང་། སློབ་ལ་བརྩོན་ཞིང་ཡ་རབས་གཞུང་དྲང་གི་མི་ལ་འགྲོགས་པ་དང་། བྱ་སྤྱོད་ཚུལ་ལྡན་གྱི་མི་ལ་མིག་དཔེ་བལྟས་ཏེ་རང་ཉིད་ཀྱི་གཤིས་རྒྱུད་དང་ཀུན་སྤྱོད། བསམ་པའི་འཁྱེར་སོ་སོགས་ཀུན་སློང་གཙང་མའི་སྒོ་ནས་ཀུན་གྱི་མིག་ལམ་དུ་མཛེས་པ་དང་། ཀུན་གྱིས་བསྟོད་སྨོན་བྱེད་སའི་བྱིས་པ་ཡ་རབས་ཚུལ་ལྡན་ཞིག་ཏུ་འགྱུར་བར་འབད་པ་བྱེད་དགོས་ཚུལ། རྒྱུན་དུ་བྱིས་པའི་རྣ་ལམ་ལ་བསྒྲགས་ནས་རང་ཉིད་ཀྱི་བྱིས་པའི་བསམ་བློའི་གོ་རྟོགས་གཞན་དང་མི་མཚུངས་པ་ཞིག་ཏུ་བསྒྱུར་བར་རྣམ་ཀུན་སློབ་གསོ་གཏོང་དགོས། བོད་ཀྱི་རོང་འབྲོག་ཁུལ་གྱི་བྱིས་པ་མང་ཤོས་ཤིག་ཆུང་དུས་ནས་ཕ་མའི་སློབ་གསོའམ་ཁྱིམ་བདག་གི་སློབ་གསོ་བཏང་བར་འདང་གིན་མེད་པ་རེད། རྒྱུ་མཚན་ནི་བྱིས་པ་མང་ཤོས་ཤིག་སློབ་ཆུང་གི་རིམ་པ་ནས་བཟུང་ཕ་མ་དང་ཁྱིམ་ཚང་ལ་ཁ་བྲལ་ཏེ་སློབ་གྲྭ་ནས་བཅའ་སྡོད་བྱས་ཟིན་པ་རེད། དེ་བས་ཁྱིམ་ཚང་གི་སློབ་གསོ་གཏན་ནས་མྱོང་ཐུབ་ཀྱི་མེད་པས། ཕ་མ་རྒན་རྒོན་གྱི་སློབ་གསོའི་ཉམས་མྱོང་དང་ཡ་རབས་སྲོལ་བཟང་གི་དཔེ་ལུགས་མང་པོ་ཞིག་རྣ་བས་གོ་མི་ཐུབ་པ་དང་། མིག་གིས་མཐོང་མི་ཐུབ་པའི་ཚད་དུ་གྱུར་ཡོད། སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་གཅིག་པུས་བྱིས་པའི་བསམ་བློར་ཡར་ཐོན་གྱི་ནུས་པ་བླ་ལྷག་འདོན་ཐུབ་ཀྱིན་མེད་པར། དེ་ལས་ལྡོག་སྟེ་མ་རབས་པྲ་ཆལ་ལ་གོམས་པའི་བྱིས་པ་འགའ་ཞིག་གི་རྒྱུད་ལ་ངན་གོམས་ཀྱི་སྤྱོད་ཚུལ་སྣ་མང་གོས་ལ་སྣུམ་ཟིན་པ་ལྟར་འགོས་ཏེ་ལོག་ལམ་དུ་འགྲོ་བཞིན་ཡོད། དེ་ལ་ཁྱིམ་ཚང་སློབ་གསོ་ཡིས་སྣ་འདྲེན་བྱས་ཏེ་གང་ཅིའི་ཐད་ནས་ཡར་སྐུལ་གྱི་སློབ་གསོ་སྣ་མང་མ་བཏང་ན། རྗེས་ཕྱོགས་བྱིས་པ་དེའི་མདུན་ལམ་ལ་སྣ་སྒོ་མོ་ནས་བཀག་འགོག་དང་བར་ཆད་སྣ་ཚོགས་འབྱུང་རྒྱུ་ཡིན་པ་ཐག་གཅོད་ཡིན་ངེས། དེ་བས་རོང་འབྲོག་ཁུལ་གྱི་ཁྱིམ་བདག་རྣམས་ཀྱིས་རྒྱུན་དུ་བྱིས་པའི་བདེ་སྡུག་དང་སྤྱོད་ལམ་ལ་སེམས་ཁུར་གང་མང་བྱས་ཏེ། བྱིས་པ་གང་དེའི་སློབ་གྲྭའམ་འཛིན་བདག དགེ་རྒན། སློབ་གྲོགས་རྣམས་ལ་རྒྱུན་དུ་དམ་ལྷོད་མེད་པར་འབྲེལ་འདྲིས་གང་ལེགས་བྱས་ཏེ། རང་གི་བྱིས་པའི་སློབ་སྦྱོང་དང་སྤྱོད་ལམ་གྱི་རྣམ་འགྱུར་གནས་ཚུལ་སོགས་ལ་སེམས་ཁུར་ཡང་ཡང་སྒོས་རྒྱུས་ལོན་ཡག་པོ་བྱས་ནས། རང་གི་བྱིས་པའི་མ་འོངས་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཏུ་གཏོང་བར་ཁྱིམ་ཚང་སློབ་གསོ་ཡིས་རྨང་གཞི་ཡག་པོ་ཞིག་འདིང་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་རེད་འདོད།
གཉིས། ཕྱི་ཚུལ་གྱི་བྱ་སྤྱོད་རྣམ་འགྱུར་ཇེ་ལེགས་སུ་གཏོང་བར་སྐུལ་བ།
          སྤྱིར་བོད་ཀྱི་བྱིས་པ་རྣམས་ལ་ཕྱི་ཚུལ་རྩུབ་པོ་དང་སེམས་རྒྱུད་ཡག་པོ་ཡོད་ལ། སྔོན་ཐོན་མི་རིགས་ཀྱི་བྱིས་པ་ལྟར་གོ་བསྐོན་སློབ་གསོ་བཏང་ན་མི་འཚམ་པར་ཅུང་དྲག་ལས་ཀྱི་རྣམ་པ་སྤྱོད་དགོས། དེ་ནི་བོད་ཁུལ་གྱི་བྱིས་པ་ཡོངས་ལ་གནས་པའི་ཆིག་རྐྱང་གི་རྣམ་པ་ཞིག་རེད། དེ་ལས་རོང་འབྲོག་ཁུལ་གྱི་བྱིས་པ་ཉུང་ཤོས་ཤིག་ནི་ཅུང་གཤིས་རྒྱུད་རྩུབ་པོ་དང་། དྲག་སྤྱོད་ཀྱི་རང་བཞིན་ལྡན་པ། མི་བབ་དང་བསྟུན་མི་ཤེས་པ། ང་རྒྱལ་དང་ཨུ་ཚུགས་ཀྱི་རང་བཞིན་ཅུང་ལྡན་པ། བརྩི་བཀུར་གྱི་རྣམ་འགྱུར་མི་ལེགས་པ། སྐད་ཆའི་བཤད་ལུགས་ཀྱི་རྣམ་འགྱུར་མི་དྲང་བ་སོགས་ཀྱི་ཚོར་སྣང་ཞིག་ང་ཚོར་སྟེར་བ་རེད། དེ་ནི་རང་ཉིད་ཀྱི་ཁོར་ཡུག་དང་ས་བབ། ཁྱིམ་ཚང་གི་སློབ་གསོ་སོགས་ལ་འབྲེལ་ཡོད་པར་སྙམ། རོང་འབྲོག་ཁུལ་ནི་ཞིང་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་ས་གནས་ཤིག་ཡིན་པས། བྱིས་པ་དེ་དག་ཆུང་དུས་ནས་ཁེར་རྐྱང་དང་མི་མེད་ལུང་སྟོང་གི་ཁོར་ཡུག་ནས་འཚར་ལོངས་བྱུང་བས། རང་ཉིད་ཀྱི་ཕ་མ་དང་བཟའ་མི་རྒན་རྒོན་གྱི་སྤྱོད་ལུགས་དང་རྣམ་འགྱུར་སེམས་ཀྱི་བག་ཆགས་ངོས་སུ་འགོས་ཡོད་པས། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་ཚང་གི་ཁྱིམ་སྲོལ་ཡག་མིན་ལས་བྱིས་པ་དེའི་འགྲོ་འདུག་སྤྱོད་གསུམ་ལ་ཡང་ཤན་ཤུགས་དེ་ཐེབས་ཡོད་པར་སྙམ།
     དེར་བརྟེན། ཁྱིམ་བདག་ཚོས་ཀྱང་འགན་ཡོད་ཚད་སློབ་གྲྭའི་སློབ་གསོའི་གཅིག་པུ་སྟེང་དུ་ཁག་འགེལ་གཅིག་རྐྱང་མི་བྱེད་པར། རྒྱུན་དུ་རང་གི་བྱིས་པ་ལ་འབྲེལ་འདྲིས་གང་ལེགས་བྱས་ཏེ། བྱིས་པའི་སེམས་ཁམས་དང་དགའ་མོས་ལ་བསྟུན་ནས་ཐབས་ཤེས་ཅི་ཡོད་དང་། གོ་བསྐོན་བློ་འགུགས་སྒོས་བྱིས་པའི་བྱ་སྤྱོད་དང་སྤྱོད་ལམ་ལོག་ལམ་དུ་མི་འགྲོ་བར་གཟབ་གཟབ་བྱས་ནས། བྱིས་པའི་གོན་པ་གྱོན་སྟངས་དང་། སྐྲ་ལོ་འཇོག་སྟངས། འགྲོ་སྟངས་འདུག་སྟངས། བཤད་སྲོལ་གཏམ་སྲོལ། འགྲོ་ཡ་འདུག་རོགས། བཅའ་སྲོལ་ལས་སྲོལ་སོགས་ཀྱི་རྣམ་འགྱུར་ལ་ལེགས་པོར་བརྟགས་ཏེ། རྒྱུན་དུ་བྱིས་པའི་དགེ་རྒན་རྣམ་པར་འབྲེལ་གཏུག་མང་ཙམ་བྱས་ནས་བྱིས་པའི་སྤྱོད་ལམ་གྱི་རྣམ་འགྱུར་ལོག་ལམ་དུ་འགྲོ་མིན་ལ་ཐུགས་ཁུར་དང་ལྟ་རྟོག་ལེགས་པོ་བྱས་ནས་རང་ཉིད་ཀྱི་བྱིས་པ་ཀུན་གྱི་མིག་ལམ་དུ་མཛེས་པའི་བྱིས་པ་ཡ་རབས་ཚུལ་ལྡན་ཞིག་ཏུ་འགྱུར་བར་མཐོང་ཆེན་ཡང་ཡང་བྱེད་དགོས་པ་ལས། སྣང་མེད་དུ་གཏན་ནས་སྐྱུར་མི་རུང་།
         དེང་སྐབས་རོང་འབྲོག་ཁུལ་གྱི་བྱིས་པ་མང་ཤོས་ཤིག་གིས་གོན་པ་གྱོན་སྟངས་དང་སྐྲ་ལོ་འཇོག་སྟངས་གཞན་དང་མི་མཚུངས་པའི་བྱ་སྤྱོད་ཡ་མ་བརླ་ཞིག་ཏུ་འགྱུར་བཞིན་པ་ཀུན་གྱི་མིག་མཐོང་ལག་ཟིན་དུ་གྱུར་ཡོད་པ་འདི་ཡང་གཙོ་བོ་ཁྱིམ་ཚང་གི་སློབ་གསོར་རག་ལས་ཡོད་པ་རེད། ཁྱིམ་ཚང་གིས་བྱིས་པའི་སྤྱོད་ལམ་ལ་མཉམ་འཇོག་དང་དོ་ཁུར་གཏན་ནས་མ་བྱས་པར་བྱིས་པས་ཅི་བྱས་འདི་བྱེད་ལ་རྒྱབ་སྐྱོར་དང་མཐུན་རྐྱེན་མང་ཙམ་བསྐྲུན་པའི་མཇུག་འབྲས་ལས་བྱུང་བ་ཤ་སྟག་རེད་སྙམ། དེ་ལས་ལྷག་པར་དུ་རོང་འབྲོག་ཁུལ་གྱི་ཁྱིམ་ཚང་རྒྱུ་ཅན་དག་གི་བྱིས་པ་རྣམས་ནི་ཀུན་དང་མི་མཚུངས་པའི་སྤྱོད་ལམ་མིག་ལ་མི་མཛེས་པའི་བྱ་སྤྱོད་ངན་པ་མངའ། བྱིས་པ་དེ་དག་ནི་སློབ་གྲྭའི་ཁོར་ཡུག་གི་ཁྲོད་ན་ལྷང་ལ་བུད་ཡོད་དེ། ལུས་ཀྱི་གྱོན་པའི་ཆ་ལུགས། མགོ་ཡི་སྐྲ་འཇོག་སྟངས། རྒྱན་ཆ་འདོགས་སྟངས་སོགས་སློབ་མའི་ཆ་བྱད་ལས་བརྒལ་བ། འགྲོ་སྟངས་འདུག་སྟངས་གཞན་དང་མི་མཚུངས་པ། བཤད་སྲོལ་གཏམ་སྲོལ་གཞན་དང་མི་འདྲ་བ་སོགས་ཀུན་དང་མི་མཐུན་པ། ཀུན་ནས་མི་མཛེས་པའི་བྱ་སྤྱོད་དག་གིས་དགེ་སློབ་ཀུན་གྱི་སེམས་ནང་དུ་བག་ཆགས་ངན་པ་བཞག་དང་འཇོག་མུས་སུ་མཆིས།
དེ་ནི་གཙོ་བོ་བྱིས་པ་དེ་ཉིད་ཀྱི་ཁྱིམ་ཚང་གི་སློབ་གསོ་རྩ་བའམ་མགོ་ཁུངས་ན་འགྲིག་མེད་པའི་ནོར་འཁྲུལ་གྱི་བྱས་ཉེས་ལས་བྱུང་བ་ཤ་སྟག་ཡིན་པས། སྤྱོད་ལམ་ཀུན་ནས་མི་མཛེས་པའི་བྱིས་པ་དེ་དག་གི་ཁྱིམ་བདག་གིས་གཅེས་མ་ཤེས་བུ་ཕྲུག་གཅེར་བུར་མི་ཕུད་པར་ཡ་རབས་ཚུལ་ལྡན་གྱི་བྱིས་པ་དག་གི་སྤྱོད་ལམ་ལ་མིག་དཔེ་ལྟ་རུ་བཅུག་སྟེ། རང་ཉིད་ཀྱི་བྱིས་པ་ཀུན་དང་མཚུངས་པའི་སྤྱོད་ལམ་ཀུན་མཐུན་གྱི་བྱིས་པ་ཡ་རབས་གཞུང་དྲང་ཞིག་ཏུ་འགྱུར་བར་སློབ་གསོ་མང་ཙམ་གཏོང་བ་དང་། ལག་ཏུ་དངུལ་སྒོར་མང་ཙམ་མི་འཇོག་པ་དང་། རྒྱ་ཡན་དུ་མི་གཏོང་བར་གཙོ་བོ་སློབ་ལ་བརྩོན་པའི་སློབ་བུ་ཚུལ་ལྡན་ཞིག་ཏུ་འགྱུར་བར་སྐུལ་དགོས།
གསུམ། ཁྱིམ་བདག་དང་དགེ་རྒན་གྱི་ཀུན་སྤྱོད་སློབ་གསོ་གཙོར་འཛིན་པ།
 ཁྱིམ་བདག་དང་ང་ཚོ་དགེ་རྒན་མི་ཉུང་བ་ཞིག་ལ་འདི་འདྲའི་ངན་ཤུགས་ཀྱི་སྐྱོན་ཆ་ཞིག་ཡོད་དེ།   དགེ་རྒན་གྱི་རང་གི་བྱ་བ་ནི་སློབ་མར་ཤེས་བྱ་ཁྲིད་རྒྱུ་དེ་ཁོ་ནར་ངོས་བཟུང་ནས་རྒྱུན་དུ་ཤེས་བྱ་ཁྲིད་པ་ལས་ཀུན་སྤྱོད་སློབ་གསོར་དེ་འདྲའི་དོ་སྣང་མི་བྱེད་པ་དང་།   ཁྱིམ་བདག་གིས་ཀྱང་རང་གི་བྱིས་པ་སློབ་གྲྭ་ཁོ་ནར་འདུག་པ་དང་སློབ་སྦྱོང་ཁོ་ན་བྱས་ཏེ་བསྡད་ན་ཆོག་པ་ལས་ཀུན་སྤྱོད་སློབ་གསོར་དེ་འདྲའི་དོ་སྣང་མི་བྱེད།      སློབ་འབྲིང་དང་སློབ་ཆུང་གི་དུས་སྐབས་ནི་བྱིས་པ་ནར་སོན་པའི་དུས་སྐབས་ཡིན་པས་བྱིས་པ་ནར་སོན་པའི་དུས་སྐབས་ནི་ཧ་ཅང་རྙོག་འཛིང་ལྡན་པ་ཞིག་ཡིན།  གཙོ་བོ་ནང་སེམས་ཀྱི་འགྱུར་ལྡོག་དང་ཕྱིའི་ཀུན་སྤྱོད་ཀྱི་འགྱུར་བ་གཉིས་རེད། བྱིས་པ་ལ་ལ་ཞིག་གི་བསམ་བློ་ཀུན་སྤྱོད་ནི་ན་ཚོད་སྨིན་པ་དང་མཉམ་དུ་བཟང་ཕྱོགས་སུ་གོང་འཕེལ་འགྲོ་བ་དང༌། བྱིས་པ་ལ་ལ་ཞིག་གི་བསམ་བློ་ཀུན་སྤྱོད་ནི་ན་ཚོད་སྨིན་པ་དང་མཉམ་དུ་མིས་བཤད་དཀའ་བའི་སྣ་མང་རྙོག་འཛིང་ཅན་ཞིག་ཏུ་འགྱུར་བ་ང་ཚོའི་མིག་མཐོང་ལག་ཟིན་དུ་མངོན་བཞིན་ཡོད། དེར་བརྟེན་ཀུན་སྤྱོད་སློབ་གསོ་ནི་དགེ་རྒན་དང་ཁྱིམ་བདག་གི་བྱ་བ་གཙོ་བོ་ཞིག་ཡིན།
བྱིས་པ་ནར་སོན་པའི་རྙོག་འཛིང་གི་གོ་རིམ་ཁྲོད་ཀུན་སྤྱོད་སློབ་གསོ་ངེས་པར་དུ་གཙོ་གནད་ལ་འཛིན་དགོས། དཔེ་བཞག་ན། བྱིས་པ་ལ་ལ་ཞིག་སློབ་གྲྭ་ནས་བྲོས་བྱོལ་དུ་ཕྱིན་ནས་ཕ་མ་དང་ཡུལ་མིར་སེམས་ཁམས་དཀྲུགས་པ་དང༌། ལ་ལ་ཞིག་གིས་ཕ་མ་དང་དགེ་རྒན། ལས་བཟོ་བ་སོགས་ཀྱི་ཁར་མི་ཉན་པར་ཕྱིར་ཚིག་ལོག་རྒྱག་པ་དང་ངོ་ཡ་བྱས་ནས་ཕ་མ་དང་དགེ་རྒན་དགྲ་ལྟར་འཛིན་པ། ལ་ལས་སྐོར་ཚོགས་བསྒྲིགས་ནས་རྡུང་རེས་རྒྱག་པ། གཞན་གྱི་དངོས་པོ་དང་རྒྱུ་ནོར་སོགས་རྐུ་འཕྲོག་གི་ལས་ལ་ཞུགས་ཏེ་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་སུ་འཇུག་པ་སོགས་བྱུང་དང་འབྱུང་བཞིན་པ་ནི་ཁྲ་ཆུང་མིག་གི་ལམ་ན་མངོན་སུམ་དུ་གསལ་བ་དང་ཐོས་འཛིན་རྣ་བའི་བུ་གར་ཡང་ཡང་དུ་གོ་བས་འདིར་གསལ་བཤད་དང་རྒྱས་བཤད་མི་བྱེད། འདི་འདྲའི་ཡ་ང་ཞིང་ཡིད་ལ་ཤར་དཀའ་བའི་བྱ་ངན་འདི་དག་ཇི་ལྟར་བྱུང་བ་རེད་ཟེར་ན་གཙོ་ཆེ་བ་ནི་ང་ཚོ་དགེ་རྒན་དང་ཁྱིམ་བདག་གིས་ཀུན་སྤྱོད་སློབ་གསོ་གཙོ་གནད་དུ་མ་བཟུང་བ་ལས་བྱུང་བ་རེད་འདོད། མི་གཞི་གསོ་སྐྱོང་བྱེད་པ་ལ་ཤེས་རིག་ཡོད་པ་ཁོ་ནས་མི་ཆོག་པར་ཀུན་སྤྱོད་སློབ་གསོའང་གཙིགས་སུ་འཛིན་དགོས། སྔོན་གྱི་མཁས་གྲུབ་རིམ་བྱོན་རྣམས་ཀྱིས་སློབ་མ་བསྐྱངས་པའི་ཚེ་ཐོག་མར་ཀུན་སྤྱོད་ལ་བརྟག་པ་གཙོ་བོར་འཛིན་ངེས་རེད། དཔེར་ན་དཔལ་ལྡན་ཨ་ཏི་ཤས་སློབ་མ་ལ་བརྟག་ཚུལ་དང་རྗེ་སྒྲ་སྒྱུར་མར་བས་སློབ་མ་ལ་བརྟག་ཚུལ། རྒྱའི་ཁུང་ཙི་ལགས་ཀྱིས་སློབ་མར་བརྟག་ཚུལ་ལས་ཀྱང་ཤེས་ལ། ༼ཤིང་གི་བསྟན་བཅོས༽ལས་ཀྱང༌། ཀླད་ཆུང་རང་བཞིན་ངན་པ་ལ། ། ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས།། རྩ་བ་དུག་ཏུ་གནས་པ་ཡི།། མེ་ཏོག་མཛེས་ཀྱང་སུ་ལ་མཁོ།། ཞེས་པ་ལས་ཀུན་སྤྱོད་ལེགས་པོ་མིན་ན་ཡོན་ཏན་ཡོད་ཀྱང་མི་རྣམས་ལ་ཕན་མི་ཐོགས་པར་བརྗོད་པ་སོགས་ལས་ཀྱང་ཀུན་སྤྱོད་སློབ་གསོ་གཙོ་བོ་ཡིན་པར་བརྗོད་ཡོད།
བཞི་བ། མཇུག་བསྡུ་བའི་གཏམ།
          ཁྱིམ་ཚང་གི་སློབ་གསོ་ནི་རང་གི་བྱིས་པ་རྣམས་སློབ་གྲྭར་མ་སོང་གོང་དང་དབྱར་དགུན་གནང་གི་སྐབས་ཕ་མའི་སར་ཁྱིམ་གྱི་འཚོ་བ་སྐྱེལ་དགོས་པས་དེ་སྐབས་ཕ་མའི་སློབ་གསོ་ནི་གལ་ཆེ་བ་ཞིག་སྟེ། ཕ་མ་དང་ཁྱིམ་མིའི་འཚོ་བ་སྐྱེལ་སྟངས་འདྲ་མིན་གྱིས་བྱིས་པར་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་ཡོད་པས། དེའི་སྐབས་སུ་ཁྱིམ་ཚང་གིས་ཡ་རབས་སྲོལ་རྒྱུན་གྱི་སློབ་གསོ་དང་། ཀུན་སྤྱོད་ཀྱི་སློབ་གསོ། ཤེས་ཡོན་གྱི་རྨང་གཞིའི་ཡི་གེ་འབྲི་ཀློག་གི་སློབ་གསོ་སོགས་ཡང་ཡང་གཏོང་དགོས།      ཡ་རབས་སྲོལ་རྒྱུན་གྱི་སློབ་གསོ་ཟེར་བ་ནི་ཁོར་ཡུག་དང་། སློབ་གྲྭ། སྤྱི་ཚོགས་ཐོག་གི་བསྔགས་འོས་ཀྱི་སྤྱོད་བཟང་སྟེ་ཕ་མ་དང་རྒན་རབས་ལ་གུས་པ།  ཆུང་བར་བྱམས་སྐྱོང་། དགེ་རྒན་ལ་བརྩི་བཀུར། སྤྱོད་བཟང་ལ་མིག་དཔེ་ལྟ་བ་བཅས་ཡིན། ཀུན་སྤྱོད་སློབ་གསོ་ཟེར་བ་ནི་ཟ་འཐུང་དང་། འགྲོ་འདུག   སྐད་ཆ་ཤོད་སྟངས། གོན་པ་གྱོན་སྟངས། སྐྲ་ལོ་འཇོག་སྟངས། ལུས་ཀྱི་སྤྱོད་ལམ། འཛེམ་བྱ་སྤང་བླང་། སྒྲིག་ཁྲིམས་བརྩི་སྲུང་། ཡ་རབས་ཚུལ་མཐུན། ཁྲིམས་མེད་ལུགས་མེད་ཀྱི་ལས་དང་རིང་དུ་བྲལ་བ། ཁྲིམས་མཐུན་བྱེད་སྟངས་བཅས་ཡིན། ཤེས་ཡོན་གྱི་རྨང་གཞིའི་སློབ་གསོ་ཟེར་བ་ནི་ཡི་གེ་འབྲི་ཀློག་དང་།   ཤེས་བྱ་སྣ་མང་ལ་བརྩོན་པ། སློབ་སྦྱོང་ལ་འབད་བརྩོན། ལེ་ལོ། སྒྱིད་ལུག   རྣམ་གཡེང་ལས་རིང་དུ་བྲལ་བ། སུམ་རྟགས་དག་གསུམ་དང་། རྩིས་དངོས་རྫས་གསུམ་གྱི་རྩ་བ་བློར་འཛིན་བྱེད་རྒྱུ་སོགས་ཡིན།
དེར་བརྟེནཁྱིམ་བདག་གིས་ཕྱར་བ་གྲུ་འདེགས་ལྟར་སློབ་གྲྭའི་སློབ་གསོར་རམ་འདེགས་བྱས་ཏེ་གོང་གི་སྣ་མང་སློབ་གསོ་འདི་དག་རང་ཉིད་ཀྱི་བྱིས་པའི་རྒྱུད་ལ་འཇོག་ཐུབ་པ་བྱུང་ཚེ། ད་གཟོད་དེ་ནི་ཆེས་ཕུལ་དུ་བྱུང་བའི་ཁྱིམ་བདག་བཟང་བོ་ཞིག་དང་། ཕ་མ་བཟང་བོ་ཞིག ཁྱིམ་བདག་ནི་བྱིས་པའི་དགེ་རྒན་ཨང་དང་པོ་ཡིན་པས། དགེ་རྒན་བཟང་བོ་ཞིག་ཡིན་པ་མ་ཟད། རང་ཉིད་ཀྱི་འགན་ཁུར་མ་ལུས་ཡོངས་འགྲུབ་བྱས་ཟིན་ལ། རང་གི་བྱིས་པའི་མདུན་ལམ་ཡང་མཚར་སྡུག་འོད་སྟོང་འབར་བའི་བགྲོད་ལམ་ཞིག་ཏུ་བསྙེགས་པར་ལམ་སྟོན་གྱི་བྱང་བུ་བཙུགས་ཟིན་པས་སོ།།
 
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།