སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

བོད་པའི་ཁྱིམ་ཚང་སློབ་གསོ་ཆ་ཙམ་གླེང་བ།

སྤེལ་དུས། 2017-01-11 11:41:27    རྡེབ་ཚད།
མཉམ་སྤྱོད་གནས།
   

བོད་པའི་ཁྱིམ་ཚང་སློབ་གསོ་ཆ་ཙམ་གླེང་བ།

ནག་ཀྱཱ་བ་ཤ་བོ་ཚེ་རིང་།

   ཉེ་ཆར་དྲ་ལམ་གྱི་སྒང་ན། མི་རེ་འགས་བོད་ལ་ཁྱིམ་ཚང་གི་སློབ་གསོ་མེད་ཅེས་པའི་གཏམ་ཡན་ཞིག་བསེར་བུ་རླུང་བཞིན་གང་སར་རྒྱུ་བཞིན་ཡོད་པ་དང་། སྒོས་སུ་མདོ་དབུས་ཁམས་གསུམ་གྱི་དགེ་རྒན་གྱི་འདུས་སྡེ་ཆེན་མོ་སྟེ༼ཨ་མའི་ལོ་ལོ༽སྐད་འཕྲིན་གྱི་སྒང་དུ།ཐང་གཞུང་རྟ་མགྲིན་རྡོ་རྗེ་གཙོས་དགེ་རྒན་རེ་གཉིས་ཀྱིས༼བོད་ཀྱི་ཁྱིམ་ཚང་སློབ་གསོའི༽ངོས་ནས་གླེང་གཞིའི་སྒྲོམ་གཞི་ཞིག་བཟོས་པ་དང་། འདིའི་ཐད་ནས་རང་ཉིད་ཀྱི་ལྟ་ཚུལ་ཐོ་རེ་ལོང་ངེ་འདོན་མཁན་ཡང་རེ་གཉིས་བྱུང་བ་དང་། ལྷག་དོན་ང་ལ་འདིའི་ངོས་ནས་ལྟ་ཚུལ་ཞིག་འདོན་དགོས་པའི་རེ་ཞུ་ལན་མང་མཛད་ཀྱང་། དགུང་མོ་དེར་ངས་ཀྱང་བྲེལ་ཟིང་ཆེ་བའི་བྱ་བའི་ཁྲོད་ཁོམ་སྐབས་ཤིག་བཙལ་ནས་ཁོ་རང་ཚོའི་རེ་འདུན་ལྟར་ཡི་གེའི་ལམ་ནས་རང་ལྟ་ལྷུག་བརྗོད་བྱ་མ་བཏུབ་པར་སྤྱིར་བཏང་གི་ཁ་བརྡའི་ཚུལ་དུ་མི་སྒེར་གྱི་དྲན་ཚུལ་ཏོག་ཙམ་སྐད་འཕྲིན་གྱི་སྒང་དུ་བརྗོད་ཁུལ་བྱས་པ་ཡིན།

     སྟབས་ལེགས་པ་ཞིག་ལ་དེ་རིང་གནའ་མཁར་ཟི་ལིང་གི་གྲུ་ག་འདི་རུ་ཁོམ་ལོངས་ཕྲན་ཙམ་བྱུང་བས་གཞི་ནས་རང་ལྟ་འདི་འཕྲད་མར་སུག་བྲིས་སུ་བསྟར་བ་ཡིན། འཛམ་གླིང་སྒང་གི་མི་རིགས་སུ་དང་གང་འདྲ་ཞིག་ཡིན་རུང་། གདོད་མའི་དུས་རིམ་ནས་མི་ཞེས་པ་འདི་ཉིད་ཀྱིས་སའི་གོ་ལ་རང་ཉིད་ཀྱི་འཚོ་བརྟེན་གྱི་གཞི་མར་བཅོལ། ཕོ་མོའི་བར་དུ་ལུས་འབྲེལ་བྱུང་། རང་གི་རིགས་རྒྱུད་སྤེལ་བའི་དུས་དེ་ནས་བཟུང་། ཁྱིམ་ཚང་གི་སློབ་གསོའི་མྱུ་གུ་འབུས་མགོ་བརྩམས་ཡོད་པ་རེད།
     དེ་ནི་དངོས་པོའི་ཆོས་ཉིད་དམ་གཤིས་ལུགས་ཤིག་ཏུ་སྲིད་དེ། ས་བོན་ཡོད་པ་ནས་མྱུ་གུ་མ་འབུས་རང་འབུས་རེད། དཔེར་ན། དགོན་སྡེ་ཡོད་པ་ནས་དགོན་པའི་སློབ་གསོ་དང་སློབ་གྲྭ་ཡོད་པ་ནས་སློབ་གྲྭའི་སློབ་གསོ། ཁྱིམ་ཚང་ཡོད་པ་ནས་ཁྱིམ་ཚང་གི་སློབ་གསོ། བྱིས་པ་ཡོད་པ་ནས་བྱིས་པའི་སློབ་གསོ་སུས་ཀྱང་འགོག་ཐབས་མེད་པར་འབྱུང་མགོ་བརྩམས་ཡོད། དེ་མེད་པར་སུ་ཞིག་གིས་སྨྲ་བར་སྤོབས། མི་སྤོབས་ཏེ་ལྟོས་བཅས་ཀྱི་ཁྱིམ་ཚང་གི་སློབ་གསོའི་སྣང་ཚུལ་ཞིག་རང་རེའི་བོད་ལ་དངོས་བརྒྱུད་གང་རུང་ན་ཆགས་ཡོད་པ་རེད། རྒྱུ་མེད་རྐྱེན་མེད་སྒོས་དངོས་པོ་གཅིག་ཀྱང་གཏན་ནས་འབྱུང་ཐབས་མེད་པས། རྒྱུ་རྐྱེན་རྟེན་འབྲེལ་བརྟེན་ནས་བྱུང་བ་ནི་ཁོ་ཐག་རེད། ཐོག་མར་བཟའ་ཟླ་གཉིས་ལ་ཆ་མཚོན་ན་ཡང་། བརྩེ་དུངས་ཀྱི་ས་བོན་འདེབས་དགོས་ལ། དེ་ནས་མི་རིགས་དང་ཡུལ་དུས་རང་བཞིན་གྱི་ཁྱིམ་གྱི་སློབ་གསོའི་མཁའ་དབུགས་འོག ཕན་ཚུན་གཉེན་བསྡེབས་ཀྱི་ཆོ་ག་སྤེལ། བཟའ་མི་ཉེ་འབྲེལ་དང་རུ་ཁ་ཁྱིམ་མཚེས། གྲོགས་དང་ཡུལ་སྡེ་གཞི་གཅིག་ཏུ་འདུས། དེ་ནས་ཚུལ་མཐུན་སྒོས་ཕྲུ་གུ་འཁོར། ཟས་དང་སེམས་ཁམས། ལུས་སྤྱོད་སོགས་ཁྱིམ་གྱི་སློབ་གསོའི་འོག འཚོ་གནས་དང་འབྲེལ་བའི་ཤེས་རིག་ཇི་སྙེད་ཅིགབཟང་བོ་སྔོག་འདོན་དང་ངན་པ་འཛེམས་བྱར་བཟུང་སྟེ། རང་ཉིད་ཀྱི་རིགས་རྒྱུད་སྤེལ་བ་རེད། དེ་ནས་ང་ཚོས་ཀྱང་མི་རིགས་གཞན་ལྟར་མ་དྲིན་མོ་ཆེ་ཡི་བྲང་གི་ནུ་མ་བསྣུན། ཟས་ཀྱི་བཅུད་ཆེན་གཞིབས། འགྲོ་འདུག་སྤྱོད་གསུམ་གྱི་འཐུས་པའི་ཁྱིམ་ཚང་གི་སློབ་གསོའི་མཁའ་དབུགས་དང་རིམ་པ་མང་བོ་ཞིག་དལ་གྱིས་བརྒྱུད་འོང་བ་ཡིན་ལ། མྱངས་ཀྱང་འོང་བ་རེད།
     ༡.ཁྱིམ་ཚང་གི་སྐད་ཆའི་སློབ་གསོ།
     སྐད་ཆ་ནི་ཕ་མ་གཉིས་ཀ་གཙོ་བྱས་པའི་ཁྱིམ་ཚང་གི་སློབ་གསོ་ལ་བརྟེན་ནས་སློབ་དགོས་པ་དང་། སྐད་ཆའི་དབུ་ནི་ཨ་ཕ་དང་ཨ་མ། ཨ་ཡེ། ཨ་མྱེས་སོགས་ནས་བརྩམས་ཏེ། རིམ་བཞིན་སྐད་ཆའི་ཚིག་འབྲུ་དང་ཐ་སྙད་རེ་རེ་བཞིན་ཁ་ཐོག་ལྕེ་ཐོག་ཏུ་བླངས་ནས་སྦྱངས་པ་དང་།སྐད་ཆ་འཆད་སྦྱོང་གི་རྨང་བརྟན་པོ་བཏིང་མཁན་ནི་ཁྱིམ་ཚང་ཡིན་པས།༼ཕ་མ་ནི་དགེ་རྒན་ཐོག་མ་༽དང༼ཁྱིམ་ཚང་ནི་སློབ་གྲྭ་ཐོག་མ་༽ཡིན་ཟེར་བའི་གཏམ་གྱི་ཁུངས་ཀྱང་འདི་འདྲ་ཞིག་ལ་གཞི་བཅོལ་ཡོད་པ་རེད། འཛམ་གླིང་གི་སློབ་གསོ་ཆེད་མཁས་པ་མང་བོས་ཀྱང་ལོ༣-༨བར་ནི་སྐད་ཆ་བསླབ་ན་ཆེས་མགྱོགས་པའི་དུས་རིམ་དུ་གཏན་ཁེལ་བྱས་ཡོད་ལ། འདི་ལ་སློབ་གསོའི་ངོས་ནས༼གསེར་ལྟ་བུའི་དུས་ཚིགས༽ཞེས་པའི་བརྡ་ཆད་ཀྱི་ གསལ་ཁ་གཏོད་པར་མ་ཟད། མིའི་རིགས་ཕན་ཚུན་བར་དུ་འབྲེལ་འདྲིས་བྱེད་པའི་ཆ་ལག་གཙོ་བོ་སྐད་ཆ་ནི་ཁྱིམ་ཚང་གི་སློབ་གསོར་བརྟེན་ནས་རིམ་བཞིན་བསླབ་འོང་བ་རེད།
     ༢.ཁྱིམ་ཚང་གི་འཕྲོད་བསྟེན་སློབ་གསོ།
     མི་ཞིག་གི་འགྲོ་འདུག་སྤྱོད་གསུམ་ནི་ཐོག་མར་ཁྱིམ་ཚང་གི་སློབ་གསོར་བརྟེན་ནས་སློབ་དགོས་ལ། མདོར་ན་ཟ་མ་བཟའ་ལུགས་དང་སྐྱག་གཅིན་འདོར་ལུགས། གཞན་ལ་འགྲོགས་ལུགས། ཁ་བརྡ་བྱེད་ལུགས་སོགས་རེ་རེ་བཞིན་བསླབ་འོང་བ་དང་། གལ་ཏེ་ཁྱིམ་ཚང་གི་སློབ་གསོ་ལེགས་པོ་ཞིག་མེད་ན། ང་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་ཐབས་མེད། དེའི་ཕྱིར་ང་ཚོ་བོད་ཀྱི་༼ཕ་མ་བཟང་བོའི་བུ་ཕྲུག་དང་། དགེ་རྒན་བཟང་བོའི་དགེ་ཕྲུག༽ ཟེར་བའི་གཏམ་དཔེ་འདིའི་ཁྱིམ་ཚང་སློབ་གསོ་ལ་དང་དོད་ཡག་པོ་ཞིག་མཛད་ཡོད། ཁྱིམ་ཚང་ཞིག་ལ་མཚོན་ན། ལོ་ན་དང་ཕོ་མོ། ཁོར་ཡུག་སོགས་ཀྱི་གནས་སྟངས་དང་ངོ་བོ་ལ་གཞིགས་ཏེ།རྣམ་པ་མི་འདྲ་བའི་སྒོ་ནས་འཕྲོད་བསྟེན་ནམ་གཙང་སྦྲའི་ཕྱོགས་ཀྱི་སློབ་གསོ་ཞིག་མི་རིགས་སུས་ཀྱང་རང་རང་གིས་མྱོང་བཞིན་ཡོད་པ་རེད། ཕྲུ་གུ་ཞིག་ཡིན་ན་ཁྱིམ་ཚང་གི་ཟས་སྤྱོད། འགྲོ་འདུག་ཉལ་གསུམ་སོགས་ཀྱི་ཆ་ནས་རང་རང་གི་ཁྱད་ཆོས་ལྟར་འཕྲོད་བསྟེན་སློབ་གསོ་ཚད་རིམ་མི་འདྲ་བ་ཞིག་རང་ངོས་ནས་མྱོང་བཞིན་ཡོད།
     ཕྲུ་གུ་ཞིག་བཙས་མ་ཐག་ཁྱིམ་ཚང་གི་འགྲོ་ལུགས་ལྟར་ཆུ་དྲོད་མ་འཇམ་དུ་གཙང་མ་ཞིག་བཀྲུས།བཙས་སྐར་བཙས་ལུང་ལ་བལྟས། ལར་ཚ་ཆུང་གིས་བཏུམས། བུ་ཆུང་གི་སྐེ་དང་རྒྱབ་ལ་གྱ་སྟ་དམར་བོ་བཏགས། ཆོས་ལུགས་ཀྱི་ཆོ་ག་དང་རིམ་གྲོ་སྒྲུབ་སྟེ་གྲིབ་དང་རིམས་ནད་བཀག ཕ་མས་སྣབས་དང་གཅིན། མི་གཙང་བ་ཐམས་ཅད་བསལ་ནས་གཙང་མར་བཟོས། མི་གཙང་བ་འདོར་ལུགས་དང་འདོར་གནས། འདོར་སྟངས་སོགས་གཙང་སྦྲའི་ཤེས་བྱ་ མང་བོ་རིམ་གྱིས་བསླབ། དེ་ནས་གོས་དང་མལ་ས་སོགས་གཙང་མར་བཟོ་སྟངས། གང་བྱུང་དུ་ཟས་ལྷག་དང་ཁ་ཆུ། གཅིན་སྐྱག་སོགས་རང་དགར་འདོར་མི་རུང་བ་སོགས་ཐབས་ལམ་དང་བརྒྱུད་རིམ་ཅན་གྱི་སློབ་གསོ་བཏང་། དཔེར་ན། བྱིས་གླུ་ལྟ་བུ་སྟེ་ཆུ་ནང་དུ་གཅིན་དོར་ན། ཨ་མའི་ནུ་མ་རུལ་འགྲོ་ཞེས་གོ་བསྐོན་བློ་འགུགས་ཀྱི་སློབ་གསོ་རབ་དང་རིམ་པ་གཏོང་བཞིན་ཡོད་ལ། བྱིས་པས་ལ་འགར་ཆུ་ནང་དུ་གཅིན་གཏོང་དུས་ཀྱང་། དངངས་སྐྲག་དང་འགྱོད་བཤགས་ཀྱི་ཚུལ་དུ་ཁ་ནས༼ཨ་མའི་ནུ་མ་མ་རུལ། གཞན་གྱི་ནུ་མ་རུལ་རུལ༽ཞེས་པ་ལྟ་བུའི་ཁོར་ཡུག་གི་གཙང་སྦྲ་ལ་དོ་ཁུར་བྱེད་པའི་སློབ་གསོ་གཏོང་སྲོལ་ཞིག་ཆ་ཚང་ཞིག་ང་ཚོའི་བོད་ལ་ཡོད། གཞན་ཡང་མི་གཙང་བ་སོགས་ཀྱིས་ཁྱིམ་གྱི་ཀ་ཅ་དང་གྱོན་གོས། བཏུང་བ། ཁོར་ཡུག་སོགས་ལ་གཏོར་བཤིག་དང་འབག་བཙོག་བཟོ་བ་ལ་སྔོན་འགོག་དང་སློབ་གསོ་མང་བོ་བཏང་སྟེ། དོན་མེད་དུ་བྱ་བྱེའུ་འབའ་འབུ་སོགས་གསོད་མི་རུང་བ་དང་བསད་ན་སྡིག་པ་ཡོད་ལུགས་སོགས་ཀྱི་གནས་ལུགས་ཁ་ཚང་བསྙད་དེ། ང་ཚོས་རང་ཉིད་ཀྱི་གོམ་པ་མལ་ས་ནས་ཁྱིམ་ཚང་། ཁྱིམ་ཚང་གི་གྲུ་ག་སོ་སོ་ནས་རིམ་བཞིན་ར་སྒོ་ཕྱི་དང་དེ་ནས་སྡེ་བ་དང་ཕྱི་རོལ་སོགས་ལ་རེ་རེ་བཞིན་སྤོས་ཏེ་འཚར་ལོངས་བྱུང་མ་ཡིན་ནམ། ཆུང་བ་ཟ་མ་ཟ་ལུགས་ནས་སྣོད་ཀ་ཅ་བཀྲུ་ལུགས། ཁྱིམ་གྱི་སྒོ་ཕྱི་ནང་ལ་བདག་བྱེད་ལུགས།དེ་ནས་རང་གི་གོན་པ་དང་ལུས་ཀྱི་འཕྲོད་བསྟེན་བྱེད་ལུགས། ཆམ་ནད་རིམས་ནད་སོགས་སྔོན་འགོག་བྱེད་ལུགས་སོགས་འཕྲོད་བསྟེན་གྱི་སློབ་གསོ་མང་བོ་ཞིག་ཁྱིམ་ཚང་ནས་མྱངས་འོང་བ་ཤ་སྟག་ཡིན།
     ༣.ཁྱིམ་ཚང་གི་ཀུན་སྤྱོད་སློབ་གསོ།
     ༼ཕ་མ་བཟང་བོའི་བུ་ཕྲུག༽ཅེས་པའི་གཏམ་བྲིན་པོ་འདི་ནི་ཁྱིམ་ཚང་གི་སློབ་གསོ་དང་དེ་ལས་ཀྱང་ཕ་མའི་ཀུན་སྤྱོད་སློབ་གསོ་ལ་བརྟེན་དགོས་པ་མ་ཡིན་ནམ།ཀུན་སྤྱོད་དང་མི་གཞི་སྐྱེད་བསྲིང་གི་ནུས་པ་སྔོག་འདོན་ནི་གཙོ་བོ་ཁྱིམ་ཚང་ནས་དབུ་རྩོམ་དགོས་ལ། ཕྲུ་གུའམ་བྱིས་པ་ཡ་རབས་ཤིག་ཆགས་ཐུབ་མིན་གྱི་རྩ་བ་ཡང་ཁྱིམ་ཚང་སློབ་གསོ་ལ་འབྲེལ་བ་ཁ་ཚ་དགོས་གཏུགས་སུ་ཡོད།༼ཕ་མ་བཟང་བོའི་བུ་ཕྲུག༽ཅེས་པ་འདི་ལ་མ་བརྟེན་པར་༼དགེ་རྒན་བཟང་བོའི་དགེ་ཕྲུག༽ཅེས་པའི་མི་ནུས་སྔོག་འདོན་གྱི་ལས་གཞི་ཆེན་པོ་འདི་བདེ་བླག་ངང་འབྱུང་བར་དཀའ་རྙོག་མང་བོ་ཞིག་དངོས་བརྒྱུད་གང་རུང་ན་ཡོད་པ་རེད། སློབ་གསོ་ནི་དོན་དངོས་སུ་རིག་གཞུང་སོགས་གང་ཅིའི་ཐད་ནས་ཆ་ཙམ་དཔག་ན་ཡང་། མུ་འབྲེལ་དང་རྒྱུན་མཐུད་ཅན་གྱི་ལས་གཞི་ཞིག་ཡིན་པས་ཡུན་རིང་གི་ངལ་རྩོལ་དང་འབད་པ་ལ་བརྟེན་ན། ད་གཟོད་འབྲས་བུ་འབྱུང་ཐུབ་པ་ལས་ཚོང་དང་ཁེ་ལས་བཞིན་གོ་སྐབས་ཏོག་ཙམ་ལ་འཕྲད་ཚེ། འཕྲད་མར་འབྲས་བུ་ཆེན་པོ་དང་ཁེ་ཕན་ཆེན་པོ་ལ་རག་ཐུབ་པ་ཞིག་གཏན་ནས་མིན། ནུས་པ་དང་གོ་རིམ་ཡོད་པའི་སློབ་གསོའི་མཁའ་དབུགས་བཟང་བོ་ཞིག་ལ་མ་བརྟེན་པར་མི་གཞི་དང་ཀུན་སྤྱོད་སྐྱེད་བསྲིང་གི་ནུས་པ་སྔོག་འདོན་བྱེད་རྒྱུ་ནི་དེ་འདྲའི་ལས་སླ་བོ་ཞིག་ཡེ་ནས་མིན།༼དཔེ་ཁྲིད་མི་སྐྱོང་༽ཞེས་པའི་ཚིག་གི་གསལ་ཆ་འདོན་དང་གཏོད་བཞིན་པ་འདིའི་གནད་ས་གཙོ་བོ་ནི། སློབ་གསོའི་དམིགས་འཛུགས་ས་ཡང་མི་སྐྱོང་རྒྱུ་དེ་ཡིན་ལ། གཙོ་བོ་མིའི་བསམ་སྤྱོད་སྐྱེད་བསྲིང་བྱ་རྒྱུ་དེ་རེད། ད་ལྟ་སྤྱི་ཚོགས་ཧྲིལ་བོ་རུ་འཕྲུལ་ཆས་ཅན་གྱི་མི་སྟེ་བརྩེ་བ་དང་བྱམས་པ། སྙིང་རྗེ་མེད་པའི་མི་མང་བོ་ཞིག་ཆར་རྗེས་ཀྱི་མྱུ་གུ་བཞིན་ང་ཚོའི་ཁོར་ཡུག་སོ་སོ་རུ་བྱུང་དང་འབྱུང་བཞིན་ཡོད་པ་འདི་ནི་སློབ་གྲྭའི་སློབ་གསོ་ཁོ་ནའི་གནད་དོན་མིན་པར། ཁྱིམ་ཚང་གི་སློབ་གསོ་ལའང་གནད་དོན་བྱུང་ཡོད་པ་རེད། ཕ་མའི་བུ་ཕྲུག་དང་དགེ་རྒན་གྱི་དགེ་ཕྲུག་བཟང་བོ་དང་ངན་པ་གཉིས་ཀ་འབྲེལ་མེད་དོན་གཞན་ཞིག་མིན་ལ། བྱིས་པ་ཡ་རབས་ཤིག་ཆགས་ཐུབ་མིན་གྱི་རྩ་བ་ཡང་ཐོག་མར་ཁྱིམ་ཚང་གི་སློབ་གསོར་འཕྲད་ཡོད། ཆུང་དུས་ནས་བྱིས་པའི་ཡ་རབས་ཀྱི་འགྲོ་འདུག་སྤྱོད་གསུམ་རྒྱལ་ཁའི་ལམ་དུ་བསྐྱོད་པའི་འགག་སྒོ་དོ་གལ་ཆེ་བ་ནི་ཁྱིམ་ཚང་གི་སློབ་གསོ་རེད་སྙམ།ཕ་མའི་སློབ་གསོའི་སྤུས་ཀས་རང་རང་གི་ཕྲུ་གུ་ལ་ཤུགས་རྐྱེན་མང་བོ་ཐེབས་ཀྱིན་ཡོད་པ་རེད། ཐོག་མར༼བོས་ན་ཨ་དང་བཅོལ་ན་ཡ་༽ཟེར་དགོས་བ་ནས་རིམ་བཞིན་རང་ལས་རྒན་པ་ཐོན་ན་ཡར་ལངས་དགོས། གཞན་ལ་དམོད་མི་ཉན། ཁ་རྩོད་ཚིག་རྩོད་དང་རྡུང་རེས་བྱེད་མི་ཉན། དེ་ནས་ཆེ་ལ་བརྩི་བཀུར་དང་ཆུང་ལ་བྱམས་སྐྱོང་། དམན་ལ་རོགས་རམ།  ཀུན་ལ་འགྲོགས་བདེ། ཁྲེལ་དང་ངོ་ཚ། གཡོ་དང་སྒྱུ་མེད་པ། བྱམས་དང་བརྩེ་བ་ཡོད་པའི་ཡ་རབས་ཚུལ་ལྡན་གྱི་མི་ཡག་པོ་དེ་ཁྱིམ་ཚང་གི་སློབ་གསོས་གསོ་སྐྱོང་བྱེད་པར་ནུས་པ་མི་དམན་པ་ཞིག་ཐོན་ཡོད།
     ༤.ཁྱིམ་ཚང་གི་ཤེས་རིག་སློབ་གསོ།
     ཤེས་རིག་ནི་དཔེ་ངོས་ཀྱི་རིག་པ་ཁོ་ན་ཙམ་མ་ཡིན་པར་དེའི་ཁྱབ་ཁོངས་ཤིན་ཏུ་རྒྱ་ཆེ་ལ་གུ་ཡངས་པོ་ཞིག་ཡིན་པས། མི་རིགས་རང་གི་ཤེས་རིག་གི་གཞི་རྐང་མང་བོ་ཞིག་ཁྱིམ་ཚང་ནས་ཆགས་དགོས་པ་རེད། བོད་རང་ལ་བྱིས་གླུ་མང་བོ་ཡོད་པ་དཔེར་ན།༼ཨ་མཚར་མཚར་དགུ༽དང་༼གཉིད་འགུགས་ཀྱི་གླུ༽༼ཨ་ཁུ་རྒྱལ་བོ་ཚང་གི་ལ་ཁ་ན༽༼ཨ་ཁུ་སྟོན་པ༽༼གེ་སར་སྒྲུང་གླུ༽སོགས་དང་གཞན་ཡང་ཁེད་དང་དམངས་གླུ། གནའ་གཏམ་མང་བོ་ཞིག་ཀྱང་ཁྱིམ་ཚང་གི་སློབ་གསོར་བརྟེན་ནས་རྒྱུད་འཛིན་དང་དར་སྤེལ་བྱེད་བཞིན་ཡོད་ལ། སྔོན་མར་བྱེད་ཐབས་འདི་དག་ལ་བརྟེན་ནས་ཤེས་རིག་དང་ཡང་ན་རིག་སྟོབས་ཀྱི་སྦྱོང་བརྡར་མང་བོ་བྱས་ཡོད་ལ། མི་རིགས་ཀྱི་ཡུལ་གོམས་དང་རིག་གནས་ཀྱི་བག་ཆགས་ཟབ་མོའི་རྨང་འདི་ནས་བཏང་བ་རེད། འདི་ལྟར་བཏང་བ་རེད། འབྲོག་ཁུལ་གྱི་བྱིས་པ་ཞིག་ལ་ཆ་མཚོན་ན། ཕྱུགས་ཟོག་འཚོ་ལུགས། བེའུ་སྐྱོང་ལུགས། འོ་མ་བཞོ་ལུགས། མར་ཆུར་ལེན་ལུགས། རྩམ་པ་བརྫི་ལུགས། ཞོ་བསྙལ་ལུགས། ལྕི་བ་འཐུ་ལུགས་སོགས་ཁྱིམ་ཚང་ནས་སློབ་གསོའི་རྩི་བཅུད་འདི་དག་མྱོང་བཏུབ་པ་ལས། གཞན་ནས་རིན་ཐང་གཞལ་དུ་མེད་པའི་ཕ་མེས་ཀྱི་ཤེས་རིག་འདི་དག་མྱོང་མི་ཐུབ་པ་རེད། རོང་བ་ཡིན་ནའང་མི་རིགས་རང་གི་དེ་འབྲེལ་གྱི་ཤེས་བྱ་མང་བོ་ཞིག་ཁྱིམ་ཚང་ནས་སློབ་དགོས་ལ་མྱངས་ཀྱང་དགོས་ཏེ། དཔེར་ན། ཞིང་འདེབས་སྟངས་དང་རྨོ་བྱེད་སྟངས། ཡུར་མ་ཡུར་སྟངས། ཆུ་གཏོང་སྟངས། ལོ་འབྲེག་སྟངས། ཕྱེ་བརྫི་སྟངས། གོ་རེ་ལས་སྟངས་སོགས་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཤེས་བྱ་མང་བོ་ཞིག་གི་རྨང་ཡང་འདི་ནས་འཛུགས་དགོས་པ་རེད།
     གཞན་ཡང་རང་གི་ཕ་མེས་ཀྱི་ལས་ཀ་སྟེ་ལྷམ་འདེབས་ལུགས་དང་གོས་བཟོ་ལུགས།ལྷ་འབྲི་ལུགས། མགར་བྱེད་ལུགས་ལ་སོགས་པའི་ལག་ཤེས་མང་བོ་ཞིག་ཀྱང་ཁྱིམ་ཚང་གི་སློབ་གསོའི་ཁྲོད། རྒྱུད་འཛིན་དང་དར་སྤེལ་བྱ་བཞིན་ཡོད་པ་རེད། དཔེར་ན། རེབ་གོང་གི་ལྷ་རིས་སྒྱུ་རྩལ་ནི་ཁྱིམ་ནས་ཁྱིམ་དུ་བརྒྱུད་པའི་ཐུན་མོང་མ་ཡིན་པའི་བོད་རང་གི་བཟོའི་རིག་པ་གཙོ་བོ་ཞིག་ཡིན་པས། འདི་ཉིད་ད་ལྟའི་བར་ཟམ་དང་རྒྱུན་མ་ཆད་པར་བརྒྱུད་འོང་བའི་མཛད་རྗེས་གཙོ་བོ་སྟེ་ཁྱིམ་ཚང་གི་སློབ་གསོ་ལ་བརྟེན་ཡོད་པ་རེད། གལ་ཏེ་ཁྱིམ་ཚང་གི་སློབ་གསོ་ལ་རྨང་གཞི་བརྟན་པོ་ཞིག་མེད་ཚེ།༼འཛམ་གླིང་གི་ངོ་མཚར་བའི་གཟུགས་འདས་རིག་གནས༽སུ་ཚུད་པའི་རེབ་གོང་གི་ལྷ་རིས་སྒྱུ་རྩལ་འདི་ཡང་ཤུལ་མེད་རྗེས་མེད་དུ་འགྱུར་ཁོ་ཐག་རེད། དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད་པའི་མི་ཞིག་ཡིན་ཕྱིར། ངས་བལྟས་ན།༼ལྷམ་བཟོ་བའི་བུ་ལིན་ཁིན༽ཟེར་བའི་སློབ་ཚན་འདི་རྟོགས་ཀྱིན་ཡོད་ལ། ཁོ་རང་ནི་ཨ་རིའི་སྲིད་འཛིན་ལ་བསྐོ་བཞག་བྱས་ཀྱང་། རང་གི་ཕའམ་ཁྱིམ་གྱི་ལག་ཤེས་དེ་ལྷམ་འདེབས་སྟངས་དང་ལྷམ་བཙེམས་སྟངས་ཁོས་ད་རུང་རྒྱུན་འཛིན་དང་དར་སྤེལ་བྱེད་ཀྱིན་ཡོད།
     ༥.ཁྱིམ་ཚང་གི་ཡུལ་གོམས་སློབ་གསོ།
     མི་རིགས་རང་གི་ཡུལ་སྲོལ་གོམས་འདྲིས་མང་བོ་ཞིག་ཀྱང་། ད་ལྟ་ང་ཚོས་བསྙད་བཞིན་པའི་ཁྱིམ་ཚང་གི་སློབ་གསོར་བརྟེན་ནས་ཕ་མེས་ཀྱི་རིང་གི་ཡ་རབས་ཀྱི་གཤིས་སྤྱོད་དང་ཡུལ་སྲོལ་རིག་གནས་ཀྱི་ཉིང་བཅུད་བརྗོད་ཀྱིས་མི་ལང་བ་ཞིག་རྒྱུད་འཛིན་དང་དར་སྤེལ་བྱེད་ཀྱིན་ཡོད་པ་རེད། ཆེ་ལ་བརྩི་བཀུར་དང་ཆུང་ལ་བྱམས་སྐྱོང་། དམན་ལ་རོགས་རམ། ཀུན་ལ་འགྲོགས་བདེ། མཛའ་ལ་ཕྱི་ཐགཡིད་གཞུང་བ། བདེན་སྐྱོང་བ། སྡུག་ལ་བཟོད་བསྲན་ཆེ་བ་དང་འཚོ་བ་རེ་བལྟོས་ཀྱིས་ཁེངས་པ་ཞིག་འབྱུང་ཐུབ་མིན་གྱི་རྩ་བ་ཡང་ཁྱིམ་ཚང་གི་སློབ་གསོ་ལ་འབྲེལ་ཡོད་ལ། བོད་པའི་ཡུལ་གོམས་རང་བཞིན་གྱི་ཤེས་རིག་གི་རྩི་བཅུད་མང་བོ་ཞིག་ཀྱང་ཁྱིམ་ཚང་གི་སློབ་གསོར་བརྟེན་ཡོད།
     བོད་རང་གི་ཐུན་མོང་མ་ཡིན་པའི་ཡུལ་གོམས་རིག་གནས་ཀྱི་ཤུལ་དངོས་རྩ་ཆེན་ཟ་མ་ལས་སྟངས་དང་བཏུང་བ་བསྙལ་སྟངས། གྱོན་པ་གྱོན་ལུགས། ལྷ་བསང་གཏོང་ལུགས། དུས་ཆེན་ཏེ་ལོ་སར་དང་གཉེན་གྱི་ཆོ་ག འདས་མཆོད་སྒྲུབ་ལུགས། བཞི་བའི་སྨྱུང་གནས། ལྔ་བའི་ལྷ་ཚོད། དྲུག་པའི་ཀླུ་རོལ། ཐ་ན་འཛེམས་བྱ་དང་བླང་བྱ་སོགས་ཡུལ་དུས་ཀྱི་ཆོ་ག་དང་ཡུལ་སྲོལ་མང་བོ་ཞིག་ཁྱིམ་ཚང་གི་སློབ་གསོ་དང་ཁོར་ཡུག་ཁྲོད་ནས་རིམ་བཞིན་བསྡུ་ལེན་དང་དེ་ནས་སྤྱི་ཚོགས་ཀྱི་འདུས་སྡེ་ལ་བརྟེན་ནས་དར་སྤེལ་དང་རྒྱུད་འཛིན་བྱས་འོང་བ་དོན་དངོས་རེད། གལ་ཏེ་ང་ཚོར་བོད་གངས་ཅན་གྱི་ལྗོངས་སུ་ཁྱིམ་ཚང་གི་སློབ་གསོ་མེད་ཚེ། འཕྲོད་བསྟེན། མི་རིགས་ཀྱི་ཤུལ་བཞག་རིག་གནས་དང་ཡུལ་གོམས། ཀུན་སྤྱོད།  ཤེས་རིག་མང་བོ་ཞིག་ཤུལ་མེད་རྗེས་མེད་དང་མི་རིགས་འདིའི་ངོ་བོ་དང་འབྱུང་འགྱུར་སོགས་ཀྱི་གནས་སྟངས་ཀྱང་གཞན་ཞིག་ཏུ་འགྱུར་ཚར་བ་རེད། ངས་བལྟས་ན། བོད་རང་ལ་ཡང་མི་རིགས་གཞན་ལྟར་ཁྱིམ་ཚང་གི་སློབ་གསོ་ཡོད་པར་མ་ཟད། དེས་བོད་རང་གི་ཤེས་རིག་སྲུང་འཛིན་དང་ཡུལ་གོམས་དར་སྤེལ། འཕྲོད་བསྟེན་དང་གཞན་ཡང་ཆོས་ལུགས་དང་རིག་གནས་སོགས་བག་ཆགས་མང་བོ་ཞིག་ཁྱིམ་ཚང་གི་སློབ་གསོས་འཇོག་དང་འཇོག་བཞིན་ཡོད་ལ། མདོར་ན་ཁྱིམ་ཚང་གི་སློབ་གསོས་བོད་རང་གི་སློབ་གསོ་ལ་ནུས་པ་མི་དམན་པ་ཞིག་བཏོན་ཡོད་ལ། མ་འོངས་པར་མུ་མཐུད་འདོན་འགྱུར་ཡིན་པར་རྦད་དེ་སེམས་སོ། །
 
  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།