སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

སློབ་མའི་ཀུན་སྤྱོད་བཅའ་ཡིག་སུམ་ཅུ་བ།

སྤེལ་དུས། 2017-04-11 09:44:58    རྡེབ་ཚད།
མཉམ་སྤྱོད་གནས།
   

སློབ་མའི་ཀུན་སྤྱོད་བཅའ་ཡིག་སུམ་ཅུ་བ།
 ཡོང་ཁུངས།མི་གསལ    རྩོམ་སྒྲིག་པ། རྒྱ་ཡེ་བཀྲ་བྷོ
སྐྱེ་འགྲོའི་ཕན་བདེའི་གསོས་སྨན་མཆོག།
ལྟ་སྤྱོད་མ་ནོར་ལེགས་སྟོན་པ།།
རྙེད་དཀའ་རིན་ཆེན་རིག་པའི་གཞུང་།།
རང་ལ་ཡོད་པ་ཤེས་པར་གྱིས།།
 
འཇིག་རྟེན་མི་ཆོས་ཚུལ་ལུགས་ཀྱི།།
སྤང་བླང་རྣམ་གཞག་མ་འཁྲུལ་བ།།
ཡབ་མེས་བཟང་པོ་ནས་བརྒྱུད་པའི།།
ཡ་རབས་སྲོལ་དུ་བརྒྱུག་པར་བྱ།།
 
སེམས་ཅན་ཀུན་ལ་གནོད་སེམས་སྤང་།།
མཐོ་ལ་བཀུར་དང་དམན་ལ་བྱམས།།
རང་སར་མི་བཞག་བསམ་བློ་གཏང་།།
མི་སར་རང་བཞག་བསམ་བློ་གཏང་།།
 
ཁྲེལ་ཡོད་ངོ་ཚ་ཤེས་པ་དང་།།
བག་ཡོད་མི་ཆོས་རྩ་བར་ཟུངས།།
གཞན་ལ་འོ་བརྒྱལ་མི་བཟོ་བ།།
སྒོ་གསུམ་སྤྱོད་པའི་འགག་སྒོར་ལྟོས།།
 
 
དམིགས་འབེན་གསལ་ཞིང་འཆར་བཀོད་ལེགས།།
དུས་དང་བློ་གྲོས་ཆུད་མི་གཟོན།།
རང་གིས་རང་ལ་གཉེར་ཚགས་ཀྱིས།།
སྒྲིམ་ཞིང་གནད་ལ་དབབ་པར་བྱ།།
 
སྙིང་རུས་ཆེ་ཞིང་དཀའ་སྤྱད་བཟོད།།
ནོར་ལ་སྤྱོད་ཤེས་རྒྱས་སྤྲོས་སྤང་།།
གཏམ་དང་སྤྱོད་པའི་འཛེམ་འཛི་ཤེས།།
འགྲོགས་མཁས་གཤིབ་བདེ་འོང་བར་བྱ།།
 
ཕ་མ་དགེ་རྒན་མཛའ་བཤེས་ཀྱི།།
དྲིན་ཤེས་དྲིན་དྲན་དྲིན་གཟོ་བྱ།།
སྤྱི་པའི་སྒྲིག་སྲོལ་ལེགས་པར་བརྩི།།
བཀུར་འོས་ཡར་ལང་ཐལ་མོ་སྦྱར།།
 
རྩི་ཤིང་མེ་ཏོག་གཅོད་པ་དང་།།
ཆུ་བོར་མི་གཙང་འབོ་བ་དང་།།
ས་རྡོ་རྐོ་སློག་བྱེད་པ་དང་།།
རི་དྭགས་བྱ་བྱེའུ་གསོད་པ་སྤང་།།
 
སུ་ལ་འཕྲད་ཀྱང་འཛུམ་གྱིས་བསུ།།
ཨ་ཁུ་ཨ་ནེ་ཨ་ཅེ་སོགས།།
ཚིག་གིས་བསྟི་སྟང་བྱེད་པ་ལས།།
ཨ་རོག་ཝེ་ཡིས་འབོད་མི་བྱ།།
 
ཞོགས་པ་བདེ་ལེགས་མཚན་བདེ་ལེགས།།
ཉིན་མོ་བདེ་ལེགས་ཕེབས་པ་ལེགས།།
གང་ལ་ཕེབས་དང་ག་ལེར་ཕེབས།།
ལ་སོགས་ཚིག་གིས་དྲི་རྨེད་བྱ།།
 
ཁང་པ་ལེགས་པར་འཕྱག་པ་དང་།།
ཡོ་བྱད་ལེགས་པར་འབྱིད་པ་དང་།།
ཆས་གོས་ལེགས་པར་སྒྲིག་པ་དང་།།
མཁའ་རླུང་གཙང་མ་རྒྱུ་བར་བྱ།།
 
ཁང་ཁྱིམ་འཇུག་དང་སྒོ་ལ་འཛུལ།།
གདན་ལ་འཁོད་དང་གྲལ་དུ་སྒྲིག།
རླངས་འཁོར་སྡོད་དང་ལམ་ལ་བགྲོད།།
རང་གཞན་སྔོན་རྗེས་མ་ནོར་བྱ།།
 
ཁ་བཏགས་མགུལ་ལ་བཞག་མི་བྱ།།
ཇ་ནི་ལག་པ་གཉིས་ཀྱིས་འདྲེན།།
གླེགས་བམ་ཟས་གོས་ཉེར་སྤྱད་དང་།།
ལུས་དང་ཡན་ལག་བགོམ་མི་བྱ།།
 
སྨྲ་མཁས་ཚིག་ནི་ཞེ་སར་བཅས།།
གུས་ཞབས་ཤེས་ཤིང་ལྡང་བ་ཡང་།།
སོར་མོ་ལྔ་ཡིས་བསྟན་བྱ་ཞིང་།།
གདོང་ལ་མཛུབ་མོ་ཀེར་མི་བྱ།།
 
རྩིག་པ་སྒོ་དང་དྲ་མིག་དང་།།
ཅོག་ཙེ་རྐུབ་སྟེགས་མལ་ཁྲི་སོགས།།
རང་དང་སྤྱི་པའི་སྤྱད་ཆས་ལ།།
གཟབ་ཅིང་གཅེས་སྤྲས་ནན་ཏན་བྱ།།
 
ཟས་སྐོམ་སྐལ་བ་བླངས་པའི་ཚེ།།
སྔ་ཕྱིའི་གྲལ་གྱི་རིམ་པ་བརྩི།།
སྒྲ་མེད་ཅག་གེར་བཟའ་བཏུང་བྱ།།
འབྲུ་རྡོག་གཅིག་ཀྱང་བརླག་པ་སྤང་།།
 
ཆང་རག་དུ་བ་ཟས་སྙིགས་དང་།།
བཏུང་བ་དུག་ཅན་གཏན་སྤང་ཞིང་།།
སྣུམ་ཅན་མངར་ཅན་ཚྭ་ཅན་དང་།།
ཤ་དང་ཁྲག་ལ་སྲེད་པ་སྤང་།།


མང་བར་བཟའ་བ་མང་བར་བཏུང་།།
རྔམ་བཟའ་རྔམ་བཏུང་སྤང་བར་བྱ།།
སྨན་གྱི་འདུ་ཤེས་བཞག་བྱས་ནས།།
ཟས་ཚོད་རན་པར་བཟའ་བར་བྱ།།
 
རྩིས་ཅན་དམན་སར་བཞག་མི་བྱ།།
སྨེ་བ་མཐོ་སར་འཇོག་པ་སྤང་།།
མགོ་རྐང་མཐོ་དམན་གཙང་བཙོག་གི།།
གོ་རིམ་འཆོལ་བར་མི་བྱའོ།།
 
རྩིས་འཁོར་ལག་འཁྱེར་ལ་སོགས་པ།།
རལ་གྲི་སོ་གཉིས་ཡིན་ཤེས་ནས།།
གནང་བཀག་མཚམས་ལས་མི་འདའ་བར།།
ཚུལ་དང་མཐུན་པར་དྲ་བར་གཞུག།
 
ཚོགས་པར་དབྱུང་དུ་མི་རུང་བའི།།
གཏམ་དང་སྤྱོད་པར་གཟབ་གཟབ་གྱིས།།
མི་དང་དུད་འགྲོའི་ཁྱད་པར་ནི།།
གང་ཡིན་སེམས་ལ་ངེས་པར་བྱ།།
 
ཞྭ་གོས་ལེགས་པོར་གྱོན་བྱ་ཞིང་།།
ལྷམ་སྒྲོག་ལེགས་པོར་སྡོམ་པ་དང་།།
སྐ་རགས་མགུལ་ཆིངས་ལེགས་པར་འཆིང་།།
ཕུ་དུང་འདྲུད་པ་གཏན་ནས་སྤང་།།
 
ལུས་པོར་རྟག་ཏུ་ཁྲུས་བྱ་ཞིང་།།
ལག་པ་ནམ་རྒྱུན་འཁྲུད་པ་དང་།།
སྣབས་དང་མིག་སྐྱག་ལེགས་ཕྱིས་ཏེ།།
ལུས་ནི་དྲི་ཞིམ་མདངས་ལྡན་བྱ།།
 
སྐྲ་དང་ཁ་སྤུ་སེན་མོ་སོགས།།
རིང་མིན་མྱུར་དུ་འབྲེག་པ་དང་།།
སྐྲ་ནི་ལེགས་པར་ཤད་པ་དང་།།
སོ་ནི་ལེགས་པར་འབྲད་པར་བྱ།།
 
སྐྲ་ཡི་ཁ་དོག་མི་བསྒྱུར་ཞིང་།།
ལུས་ལ་རི་མོ་དབབ་མི་བྱ།།
རྐང་པ་འདར་ཡོམ་བྱེད་པ་དང་།།
ལག་གིས་གང་སར་བྲི་བ་སྤང་།།
 
ཞྭ་ལྷམ་ཤ་གོས་རྐང་འབོལ་དང་།།
དཀར་ཡོལ་ཇ་དཀར་ཐུར་མ་དང་།།
སོ་འཁྲུད་ཁ་སྤུ་འབྲེག་ཆས་སོགས།།
མཉམ་དུ་སྤྱོད་དམ་བརྗེ་མི་བྱ།།
 
སྒྲེགས་པ་གླལ་བ་ཕྱེན་གཏོང་དང་།།
ཀུ་ཅོ་འུར་རྒྱག་ཧ་ཧར་དགོད།།
བདའ་བ་འཇུ་བ་འཐམ་པ་དང་།།
ལྡིར་སྒྲ་ཏུག་ཆུམ་ཅལ་སྒྲ་སྤང་།།
 
མཆིལ་མ་ཁ་ལུད་སྣབས་ལུད་དང་།།
ཇ་སྙིགས་དྲི་ཆུ་ཤོག་ཧྲུལ་དང་།།
འགྱིག་ཤོག་སྣོད་སྤྱད་ཆག་གྲུམ་སོགས།།
གང་སར་འདོར་བར་མི་བྱའོ།།
 
བཤང་གཅི་གནས་སུ་འདོར་བ་དང་།།
ཆུ་ཡིས་ལེགས་པར་བཤལ་བར་བྱ།།
གཙང་ཤོག་ཅི་དགར་མི་འདོར་ཞིང་།།
གད་སྙིགས་གང་དགར་བསྲེག་མི་བྱ།།
 
སྤང་བླང་རྣམ་གཞག་ཕྲ་མོ་དག།
ཆུང་བའི་དུས་ནས་གོམས་བྱས་ནས།།
ཡ་རབས་མི་ཡི་གྲལ་དུ་ཚུད།།
ཚོགས་ཀྱི་ནང་ན་རྒྱན་ལྟར་མཛེས།།
 
   ཞེས་པ་འདི་ནི་སློབ་མ་རྣམས་ཀྱི་ནར་མའི་ཀུན་ཏུ་སྤྱོད་པ་ལེགས་པའི་ལམ་དུ་བསྐུལ་བ་ལ་དམིགས་ནས། འཛམ་གླིང་སྤྱིའི་ལུགས་ཀྱིས་ཡ་རབས་ཀུན་སྤྱོད་ཀྱིས་གཞུང་བསྲིངས་ཤིང་། རང་རེའི་ཐུན་མོང་མ་ཡིན་པའི་འཇིག་རྟེན་མི་ཆོས་ཀྱི་བསམ་བློ་དང་ཡ་རབས་ལུགས་སྲོལ་དུ་མས་ཟུར་བརྒྱན་ཏེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་ལའང་འཚམས་པའི་ཀུན་སྤྱོད་བཅའ་ཡིག་ཏུ་མཚོ་ཁ་པ་རྒྱ་ཡེ་བཀྲ་བྷོ་རུ་འབོད་པས་སྤྱི་ལོ༢༠༡༦ལོའི་ཧོར་ཟླ༤བའི་ཚེས༡༤བཟང་པོར་ཚིགས་བཅད་དུ་བསྡེབས་པའོ།།
 
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།