སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

བྱིས་པའི་མི་གཞི་སྐྱེད་སྲིང་གི་ཐད་དུ་ཕ་མས་གཙོ་ཁྲིད་ཀྱི་ནུས་པ་འདོན་དགོས།

སྤེལ་དུས། 2017-03-29 15:45:30    རྡེབ་ཚད།
མཉམ་སྤྱོད་གནས།
   

བྱིས་པའི་མི་གཞི་སྐྱེད་སྲིང་གི་ཐད་དུ་ཕ་མས་གཙོ་ཁྲིད་ཀྱི་ནུས་པ་འདོན་དགོས།        

          གཅན་ཚ་རྫོང་སློབ་ཆུང་གཉིས་པ།  དཀར་ལུང་པདྨ་རྡོ་རྗེ།

206221615840813124.jpg
 
  
      
ཕ་མ་ནི་བྱིས་པར་མཚོན་ན་མི་ཚེ་འདིིར་རང་ལ་ཆེས་གཅེས་པའི་མི་དེ་ཡིན་པ་མ་ཟད་ཆེས་ཐོག་མའི་དགེ་རྒན་ཡང་ཡིན། བྱིས་པའི་དྭངས་གཙང་གི་སེམས་ངོགས་སུ་ཕ་མའི་བྱ་སྤྱོད་དང་འགྲོ་འདུག་སྤྱོད་གསུམ་ཡོད་ཚད་རང་ཉིད་ཀྱི་མིག་དཔེར་འཛིན་འོས་པར་འདོད་པ་དང་དེའི་ལད་མོ་བྱས་ནས་རང་ནུས་ཅི་ཐུབ་ཀྱིས་དེའི་ཚུགས་ཀ་ཡོང་ཐུབ་པར་འབད་པ་བྱ་ངེས་ཡིན། དེ་བས་ཁྱིམ་བདག་གིས་རང་ཉིད་ཀྱིས་བྱིས་པ་ཆུང་དུས་སུ་སློབ་མ་ཡ་རབས་ཞིག་དང་ནར་སོན་རྗེས་སྤྱི་འབངས་བཟང་བོ་ཞིག་ཏུ་སྐྱེད་སྲིང་བྱེད་པར་རང་ནུས་ཅི་ཐུབ་ཀྱིས་ནུས་པ་འདོན་དགོས།དེང་གི་རོང་འབྲོག་པའི་ཁྱིམ་ཚང་ཕལ་ཆེ་བ་ཞིག་གིས་རང་ཉིད་ཀྱི་བྱིས་པའི་སེམས་ཁམས་བདེ་ཐང་ངང་འཚར་ལོངས་བྱུང་བ་དང་བྱིས་པའི་མི་གཞི་སྐྱེད་སྲིང་གི་ཐད་དུ་བསམ་བློ་ཅི་ཡང་མི་གཏོང་བ་མ་ཟད་རང་གིས་འགོ་ཁྲིད་དེ། རང་ཉིད་ཀྱི་ལུས་སྟེང་གི་མི་ལེགས་པའི་བྱ་སྤྱོད་དེ་བྱིས་པའི་མདུན་སར་དོ་སྣང་ཅི་ཡང་མི་བྱེད་པར་ཕྱིར་མངོན་བཞིན་འདུག་པས། ང་ཚོས་འདིའི་རིགས་ལ་བསམ་བློ་ནན་མོ་བཏང་སྟེ་བྱིས་པར་ཆུང་དུས་ནས་མི་གཞི་བཟང་བོ་ཞིག་ཆགས་སུ་འཇུག་པར་འབད་པ་བྱ་དགོས།
གཅིག  ཡ་རབས་གུས་ཞབས་ལྡན་པའི་མི་ཞིག་ཏུ་འགྱུར་བར་སྐུལ་དགོས།
 
བྱིས་པའི་སེམས་ཁམས་ནི་དྭངས་གཙང་ཡིན་ལ་གཞན་གྱི་ལད་མོ་ཁོ་ན་ལས་དེའི་མཇུག་འབྲས་སོགས་མི་རྟོགས་ཤིང་འདང་རྒྱག་མི་ཤེས་པའི་འཚར་ལོངས་ཀྱི་གོ་རིམ་ཡིན། དེ་ལྟ་ན་ཕ་མས་རྒྱུན་དུ་བྱིས་པར་ཡ་རབས་ཀྱི་ལམ་ལ་ཞུགས་དགོས་ཚུལ་ཏེ། མ་མཐའ་ཡང་ཆུང་དུས་ནས་ཁྱིམ་དང་ཕྱི་རོལ་ཀུན་ཏུ་རང་ལས་ཆེ་བའི་མི་ཡོང་ན་ཡར་ལངས་དགོས་ཚུལ་དང་རང་ལས་ཆུང་བ་དང་ཡང་ན་ན་མཉམ་པ་སོགས་ལ་འགྲིག་མཐུན་དང་བྱམས་སྐྱོང་སོགས་བྱ་དགོས་ཚུལ་གྱི་ཁ་ཏ་རྣ་བར་སྒྲོག་དགོས་པ་དང། དུས་མཚུངས་སུ་རང་ཉིད་ཀྱིས་ཀྱང་བྱིས་པའི་མདུན་དུ་ལྷག་མཉམ་བཞག་སྟེ་ཁོ་ཚོར་སློབ་གསོ་བཏང་བའི་གོ་རིམ་དེ་རང་གི་ལུས་སྟེང་ནས་ཁོ་ཚོར་བསྟན་ན་ད་གཟོད་ཕན་ནུས་ངེས་ཅན་ཞིག་ཐོབ་པར་འདོད།དེ་མིན་ཚེ་དེང་གི་ཆར་མི་དམངས་མང་ཚོགས་ཀྱི་འཚོ་བ་ཇེ་མཐོར་ཕྱིན་པ་དང་ཁྱིམ་ཚང་གི་དཔལ་འབྱོར་ཐད་དུའང་ལྡབ་འགྱུར་ངང་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཁྱིམ་བདག་ལ་ཤས་ཤིག་གི་སེམས་ཁམས་སུའང་རྒྱུ་ནོར་གྱིས་ཕྱུག་པའི་དབང་ཐང་དེ་ངོམ་པ་དང་།དེ་རིམ་གྱིས་འགྱུར་ནས་རང་གི་མི་གཤིས་ཐད་དུ་ཤན་ཤུགས་ཐེབས་ནས་ཁྱིམ་དུ་ཕ་མས་ཁ་མི་ལེན་པའམ། བཟའ་ཟླར་མི་འགྲིག་པ། ཕྱི་རོལ་ཏུ་དབང་ཐང་དེའི་སྟོབས་ཀྱིས་གཞན་མིར་ཆེ་ཆུང་ཚང་མ་མིག་ནང་དུ་མི་འཇོག་པའི་སྣང་ཚུལ་བྱུང་བ་ན་། དེའི་ཁོར་ཡུག་ཏུ་འཚར་ལོངས་བྱུང་བཞིན་པའི་བྱིས་པ་དག་ཀྱང་ཕ་མས་ལོངས་སྤྱོད་དེར་ཕྱོགས་ནས། མི་ལ་ཆེ་མ་མཐར་ཚང་དགོས་པའི་ཆེ་བཀུར་ཆུང་བྱམས་དེ་འང་ཆུང་ངུའི་དུས་ནས་འགྱུར་འགྲོ་བའི་གནས་ཚུལ་ཚབས་ཆེན་བྱུང་བཞིན་འདུག
གཉིས།  བྱིས་པའི་འདོད་བློ་བཞིན་གང་སར་མི་ཁྲིད་པ།
 
བྱིས་པར་ཕ་མ་མཁོ་བ་ནི་རང་ཚུགས་ཀྱི་ནུས་པ་ཞན་པ་གཙོ་བྱས། ཕྱོགས་གང་མང་གི་རྒྱུ་རྐྱེན་གྱིས་ཕ་མ་གར་འགྲོའི་རྗེས་སུ་ཤོར་བ་དཔེ་རེད། དེ་བས་ཕ་མས་རང་ཉིད་གར་འགྲོའི་བྱ་བར་རང་སེམས་ནས་བརྡར་ཤ་ནན་མོ་བཅད་རྗེས་བྱིས་པ་ཁྲིད་རྒྱུ་ནི་ཧ་ཅང་གལ་ཆེ།དེ་མིན་ཚེ་དེང་སྐབས་ཁྱིམ་བདག་གང་མང་ཞིག་གིས་ཁྱིམ་དུ་བྱིས་པ་བདག་གཉེར་བྱ་མཁན་མེད་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་རང་ཉིད་གར་འགྲོར་བྱིས་པ་ཁྲིད་ཀྱིན་ཡོད་པ་དང་། འགྲོ་སའི་ཁོར་ཡུག་གིས་བྱིས་པར་ཤན་ཤུགས་མི་འདྲ་བ་ཐེབས་ཀྱིན་ཡོད་པ་སྟེ། རང་ཉིད་མི་ལོ་བཅོ་ལྔའི་རིང་གི་དགེ་རྒན་གྱིས་བྱ་བ་བསྒྲུབས་པ་དང་དེའི་རིང་ལ་སློབ་མར་རྒྱུས་ལོན་བྱས་པའི་དཔེ་མཚོན་འགའ་གླེང་ན།  ཡར་སྔོན་རང་ཉིད་ལོ་རིམ་དང་པོའི་དགེ་རྒན་བྱེད་དུས། སློབ་མ་ཞིག་དུས་རྒྱུན་པར་གཉིད་བརྒྱབ་སྟེ་སློབ་ཁྲིད་ལ་མི་ཉན་པ་དང་།སློབ་གསེང་ཐོན་རྗེས་བྱིས་པ་ཚོ་དང་མཉམ་དུ་སོང་ནས་ཚོང་ཁང་དུ་སོང་ནས་ཞོར་ཟས་ཀྱི་སྐོར་ཉོས་ཏེ་ཟ་བ་སོགས་ཐེགས་གཅིག་མིན་ཞིང་རྗེས་སོར་རྒྱུས་ལོན་བྱུང་བ་ལྟར་ན་ཁོ་ཚང་ལ་ཚོང་ཁང་ཡོད་པ་མ་ཟད་།ཚོང་ཁང་དུ་དུས་རྒྱུན་པར་སྒྲིག་ཤོ་རྒྱག་པ་དང་དེར་བསྡད་ན་རྒྱལ་ཁ་ཐོབ་པའི་མིས་ཁོར་སྒོར་མོ་སྟེར་བ་དང་ཕ་མས་ཀྱང་སྒོར་མོར་དམིགས་ཏེ་རྒྱུན་པར་དེར་འདུག་ཏུ་བཅུག་སྟེ་ཧ་ལམ་དུས་ཚོད་བཅུ་གཉིས་གཡན་གཡོན་དུ་ངལ་གསོ་བའི་གནས་ཚུལ་གྱིས་བྱིས་པའི་སློབ་ཁྲིད་ལ་མི་ཉན་པ་དང་སློབ་སྦྱོང་བྱེད་པ་ལས་དགོང་མོའི་དུས་ཚོད་ལ་རེ་བའི་མི་ལེགས་པའི་བྱ་སྤྱོད་ལུས་སྟེང་དུ་མངོན་་པ་དང་།ཡང་གཞན་ཞིག་ནི་བདག་གི་གྲོགས་པོ་ཞིག་ནི་བཟོ་བསྐྲུན་བྱེད་མཁན་གྱི་སྦྱིན་བདག་ཆུང་ཆུང་ཞིག་ཡིན་པ་དང་།ཁོའི་དུས་རྒྱུན་པར་རང་ཉིད་ཀྱི་ལོ་གསུམ་ལས་སོན་མེད་པའི་བྱིས་པ་དེ་བཟོ་བསྐྲུན་བྱ་སར་ཁྲིད་པས། བྱིས་པའི་དུས་རྒྱུན་གྱི་རྩེད་ཆས་ལ་ངེས་པར་དུ་ཁོའི་ཁོར་ཡུག་གི་བཟོ་བསྐྲུན་བྱེད་སྤྱད་ཀྱི་ལག་ཆའི་རྩེད་ཆས་ཁོ་ན་ལས་མི་དགོས་པ་སོགས་ཀྱི་དཔེ་མཚོན་གང་མང་གིས་ཕ་མའི་ལུས་སྟེང་དུ་གཤིས་སྤྱོད་ངན་པ་ཡོད་ན་དེ་རང་བཞིན་གྱིས་བྱིས་པར་འགོས་སྲིད་པ་ར་སྤྲོད་བྱེད་ཐུབ་པ་དང་།   ཕ་མས་བཟོས་པའི་་ཁོར་ཡུག་གིས་བྱིས་པའང་དེར་བློ་ཁ་ཕྱོགས་པ་མཚོན། དེ་བས་ཁྱིམ་བདག་གིས་དུས་རྒྱུན་པར་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་བྱིས་པའི་མདུན་དུ་མཉམ་འཇོག་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་འདོད་དོ།།


      

གསུམ།  བདེ་ཐང་གི་སེམས་པ་ཞིག་སྟེར་བ།
བྱིས་པའི་སེམས་ཁམས་ནི་དྲང་མོ་ཡིན་པ་དང་ལྷག་བསམ་ཡིན་པས། ཁོ་ཚོའི་ཁོར་ཡུག་ཏུ་ཕ་མ་ནི་སེམས་ཁོང་གི་རྒྱབ་རི་དང་རང་ཉིད་ཀྱི་གཅེས་ལངས་བྱེད་ས་ཡིན།དེ་བས་ཕ་མས་ཀྱང་དུས་རྒྱུན་པར་རང་་ཉིད་ཀྱིས་གཏམ་སྤྱོད་སྐོར་ལ་མཉམ་བཞག་སྟེ་བྱིས་པར་མདུན་སར་ཁ་རྩོད་མི་རྒྱག་པ་དང་ཚིག་རྩུབ་མོས་མི་གཞན་དང་ཁོར་ཡུག་གི་མི་ལ་སྡིགས་མོ་སོགས་བྱ་མི་རུང་། བྱིས་པར་བྱིས་པའི་ལོ་ནའི་ཚོད་ཀྱིས་དང་ལེན་བྱེད་ཐུབ་པའི་ནུས་པ་ཙམ་མ་གཏོགས་མེད་པས། སེམས་ཁམས་བདེ་ཐང་གི་ཕྱོགས་སུ་ཧ་ཅང་གནོད་པ་ཐེབས་སྲིད་པ་དང་། ལྷག་པར་དུ་རྒྱུ་རྐྱེན་གང་མང་གིས་བཟའ་འཐོར་བྱུང་དགོས་པའི་ཕ་མས་གང་ནུས་སྒོས་བྱིས་པའི་མདུན་སར་ཕན་ཚུན་ངན་བཤད་དང་སྡིགས་མོ་སོགས་མི་བཤད་པར་ཁེར་ཐུག་གིས་ཐག་གཅོད་རྒྱུ་ནི་ཤིན་ཏུ་གལ་ལོ།། དེ་མིན་ཚེ་བཟའ་ཟླ་གཉིས་མི་འགྲིག་པའི་རྒྱུ་རྐྱེན་གྱིས་སེམས་ཁམས་ལ་ཤུགས་རྐྱེན་ཐེབས་ཏེ་བྱིས་པར་རྫུན་ལོབས་པ་དང་།རྐུ་བྱེད་པ།ཡུལ་ལ་ལོག་མི་འདོད་པ་སོགས་ཀྱི་སྣང་ཚུལ་བྱུང་བཞིན་འདུག་པས་དེའི་སྐོར་ལ་འོས་འཚམས་ཀྱིས་བྱིས་པར་གབ་རྒྱུ་ནི་གལ་བར་འདོད་དོ།།
བཞི། བབས་ཆགས་ཀྱི་འཚོ་བར་གོམས་སུ་འཇུག་པ།
 
དེང་གི་དཔལ་འབྱོར་གྱི་སྤྱི་ཚོགས་འདིར།མི་ཡོད་ཚད་འབྱོར་འབྲིང་གི་སྤྱི་ཚོགས་སུ་བསྙེགས་པར་བརྩོན་ཞིང་།ཁྱིམ་ཚང་གི་ཆ་རྐྱེན་ཡང་སྔོན་དང་བསྡུར་ན་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་ཡོད་པས།ཁྱིམ་བདག་མང་ཤས་ཤིག་གིས་བྱིས་པ་གཅེས་ལངས་སུ་བཏང་སྟེ་ཆུང་དུས་ནས་ལག་ཏུ་སྒོར་འཇོག་པ་དང་བྱིས་པར་ཇི་མཁོ་ཇི་འདོད་བཞིན་དུ་ཉོས་ནས་བྱིས་བློ་ཁ་དེ་སྐོང་ཅི་ཐུབ་བྱེད་བཞིན་ཡོད་ཅིང་། བྱིས་པ་རིམ་གྱིས་ནར་སོན་ཚེ་ཆུང་དུས་ཀྱི་ཕ་མས་སྦྱར་བའི་ལོངས་སྤྱོད་་དེར་གོམས་ནས་ཅུང་ཙམ་དཀའ་ཁག་ལ་འཕྲད་ཚེ་བཟོད་བསྲན་མི་ནུས་པའམ་དཀའ་ལས་རྒྱག་མི་འདོད་པར་གནས་སྐབས་ཙམ་གྱི་བདེ་བ་དེར་ཆགས་ཏེ།མ་རབས་ཀྱི་ལམ་དུ་ཞུགས་ཏེ།ཆང་འཐུང་བ་དང་དུ་བ་འཐེན་པ།  ཤོ་རྒྱག་པ།དུས་ལྟར་སློབ་གྲྭར་མི་འགྲོ་བ་སོགས་ཀྱིས་གནས་ཚུལ་འབྱུང་བཞིན་འདུག་པས།  ཕ་མས་བྱིས་པར་སེམས་ཀྱིས་གཅེས་ཏེ་བབས་ཆགས་ཀྱི་འཚོ་བར་གོམས་སུ་འཇུག་དགོས་པ་སྟེ།བྱིས་པའི་ལག་ཏུ་སྒོར་མི་འཇོག་པ་དང་།དུས་རྒྱུན་ཡར་སྔོན་གྱི་དཀའ་ཁག་གི་འཚོ་བ་དང་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བར་གཤིབ་བསྡུར་བྱས་ཏེ་ཕ་མའི་འདས་སོང་གི་ལོ་ཟླ་དག་སློབ་གསོ་རང་བཞིན་དུ་དྲངས་ཏེ་བཤད་དགོས་ལ།བྱིས་པར་བབས་ཚོད་ཀྱི་ལས་ཀ་བཀོད་སྒྲིག་བརྒྱབ་སྟེ་རང་སྟོབས་རང་སྤེལ་གྱུ་ནུས་པ་སྐྱེད་སྲིང་བྱ་དགོས།
ལྔ།  བྱིས་པའི་དགའ་སྣང་སྐྱེད་སྲིང་བྱ་དགོས།
    
བྱིས་པ་རེ་རེར་རང་ཉིད་ཀྱི་ཁྱད་ཆོད་དང་གཤིས་ཀ་ལྟར།དགའ་སྣང་ཡང་རིགས་མི་འདྲ་བ་ཡོད་པ་སྟེ།བྱིས་པ་ལ་ལ་ཡ་རབས་ཀྱི་ལས་སུ་ཞུགས་པར་བརྩོན་པ་དང་ཡང་འགའ་ཤས་ཤིག་མ་རབས་ཀྱི་ལས་ཏེ་དུས་རྒྱུན་རྡུང་རེས་བྱེད་པ་དང་རྐུ་བྱེད་པ་སོགས་འདྲ་མིན་རིགས་སྣ་ཚོགས་དང་།དེ་དང་རང་བཞིན་གྱིས་བྱིས་པ་རེ་རེར་རང་ཉིད་ཀྱི་འཇོན་ཐང་དང་ལྷན་སྐྱེས་ལྟར་དགའ་སྣང་རིགས་མི་འདྲ་བ་མང་པོ་ཡོད་པས། ཕ་མས་ཟུར་ངོས་ནས་བྱིས་པའི་སེམས་ཁམས་དང་འཇོན་ཐང་ལ་རྟོགས་ཞིབ་དང་དགའ་ཕྱོགས་ཀྱི་ལྷན་སྐྱེས་ལ་གཞིགས་ཏེ་ཡ་རབས་ལས་སུ་གཏོགས་པའི་དགའ་སྣང་དེར་ཁྱིམ་ཚང་གིས་མཐུན་རྐྱེན་གང་ལེགས་སྦྱར་ཏེ་སྐྱེད་སྲིང་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་བར་འདོད་དོ།།
  
མདོར་ན་སློབ་གསོ་ཞིག་གི་བརྒྱུད་རིམ་ནི་མི་གཞི་སྐྱེད་སྲིང་གི་གོ་རིམ་ཡིན་པ་དང་། ཁྱིམ་ཚང་སློབ་གསོ་ནི་བྱིས་པའི་མི་གཞི་སྐྱེད་སྲིང་གི་ཁོར་ཡུག་གལ་ཆེ་བ་དེ་ཡིན་པས། ཕ་མས་བྱིས་པ་འཚར་ལོངས་ཀྱི་གོ་རིམ་ཁྲོད་དུ་བྱིས་པར་དཔེ་བཟང་གི་ནུས་པ་དང་སྣེ་ཁྲིད་བཟང་བོ་ཞིག་བྱེད་རྒྱུ་ནི་ཤིན་ཏུ་གལ་ལོ།།

      
 

 

 

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།