སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

སློབ་ཆུང་སྐད་ཡིག་སློབ་ཁྲིད་ཁྲོད་དུ་ཀུན་སྤྱོད་སློབ་གསོ་གཙིགས་སུ་འཛིན་དགོས་པ་ རགས་ཙམ་གླེང་བ།

སྤེལ་དུས། 2017-01-08 16:35:54    རྡེབ་ཚད།
མཉམ་སྤྱོད་གནས།
   

                     སློབ་ཆུང་སྐད་ཡིག་སློབ་ཁྲིད་ཁྲོད་དུ་ཀུན་སྤྱོད་སློབ་གསོ་གཙིགས་སུ་འཛིན་དགོས་པ་རགས་ཙམ་གླེང་བ།      

 
གཅན་ཚ་རྫོང་སློབ་ཆུང་གཉིས་པ།  ལྷ་རྩེ་རྒྱལ།
སློབ་ཁྲིད་ཀྱི་ལས་དང་པོ་ན་ཡོད་པའི་དགེ་རྒན་གང་མང་ཞིག་གིས་སློབ་མའི་སྐད་ཡིག་གི་རྨང་གཞི་བརྟན་པོ་འདིང་པའི་ཆེད་དུ་སློབ་ཁྲིད་བྱེད་ཐབས་སྣ་མང་སྤྱོད་པའི་དཀའ་བ་བརྒྱ་ཕྲག་གི་འགན་ཕྲག་ཏུ་ལེན་གྱི་ཡོད་མོད།ཡིན་ནའང་བསམ་བློའི་ནང་དུ་སློབ་མའི་བསམ་བློའི་ཀུན་སྤྱོད་དང།ཚན་རིག་རིག་གནས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། སློབ་མར་མེས་རྒྱལ་ལ་དགའ་བ་དང་། མི་དམངས་ལ་དགའ་བ་དང་། ངལ་རྩོལ་ལ་དགའ་བ་།ཚན་རིག་ལ་དགའ་བ་བཅས་ཀྱི་སློབ་གསོ་བཏང་ནས།ཕུགས་བསམ་ལྡན་པ་དང་ཀུན་སྤྱོད་བཟང་བ།རིག་གནས་ཡོད་པ།སྒྲིག་ཁྲིམས་སྲུང་བའི་སློབ་མ་ཞིག་སྐྱེད་སྲིང་བྱེད་པའི་སློབ་མའི་ཕྱོགས་ཡོངས་འཕེལ་ རྒྱས་ཀྱི་སྤུས་ཚད་སློབ་གསོའི་བསམ་བློའིམཛུབ་སྟོན་ལ་ངོས་འཛིན་བྱུང་བ་མི་འདང་ བའི་ཚོར་སྣང་སྟེར་ཏེ།རྨང་གཞི་ཤེས་བྱ་བརྒྱུད་སྤྲོད་ལ་དོ་སྣང་དང་བསམ་བློ་ཀུན་སྤྱོད་གསོ་སྐྱོང་ལ་རགས་ འོན་ཀྱང་དོན་དངོས་ཀྱི་བསླབ་ཚན་ཚད་གཞིའི་རེ་བ་ལྟར་ན་མཐོང་ཆེན་བྱས་པ་དེ་འདྲ་འདང་མེད།   ཤེས་ཡོན་དང་བསམ་བློ་ཀུན་སྤྱོད་སྐྱེད་སྲིང་གཉིས་དོ་མ་མཉམ་ཚེ། ཤེས་ཡོན་ཡོད་པ་ཙམ་གྱིས་སྤྱི་ཚོགས་   འཕེལ་རྒྱས་ལ་རྔོ་ཆེར་མི་ཐོགས་ཤིང་། ཀུན་སྤྱོད་ཞན་ན་དེ་ལས་ལྡོག་པའི་ནུས་པའང་འབྱུང་སྲིད་པས།   ཤེས་ཡོན་དང་བསམ་བློ་ཀུན་སྤྱོད་གཉིས་མཉམ་པར་སྐྱེད་སྲིང་བྱེད་རྒྱུ་ནི་ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་རེད།དེ་བས་སྐད་ཡིག་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་ནས་སློབ་ཆུང་སློབ་མར་བསམ་བློ་ཀུན་སྤྱོད་སློབ་གསོ་ཇི་ལྟར་གཙིགས་སུ་འཛིན་རྒྱུ་ཐད་ཕྱོགས་འགའ་ནས་རང་གི་ཉམས་མྱོང་ཙམ་ཞིག་གླེང་བ་ལ།བློ་གཟུ་བོ་དག་གིས་དོན་དུ་གནས་མིན་བརྟག་པར་འཚལ།

གཅིག    རྒྱལ་ཁབ་དང་ཕ་ཡུལ་ལ་དགའ་བའི་ཀུན་སྤྱོད་སློབ་གསོ།
   སློབ་གྲྭ་ཆུང་འབྲིང་གི་ན་ཚོད་ནི་ཏག་ཏག་ཀུན་ སྤྱོད་དང་མི་གཤིས་སོགས་ཆགས་པའི་སྒང་ཡིན་པས།    སློབ་ཆུང་གི་སྐད་ཡིག་སློབ་ཚན་གང་མང་ཞིག་ཁྲིད་སྐབས་སློབ་མའི་ལོ་ཚད་དང་།བློ་ཁ་ལ་དམིགས་ནས་འོས་འཚམ་བབ་བསྟུན་གྱིས་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་ཁྲིད་པ་དང་མཉམ་དུ་ཀུན་སྤྱོད་སློབ་གསོ་ཡང་གལ་ཆེན་དུ་བཟུང་ནས་ཁྲིད་ན་བསླབ་ཚན་ཚད་གཞིའི་རེ་བ་དང་མཐུན་སྙམ།ཕ་ཡུལ་གྱི་ཡུལ་ལྗོངས་དང་རིག་གནས་གནའ་ཤུལ་གྲགས་ཅན་དང་།མི་སྣ་མཛད་རྗེས་ཅན་མཚམས་སྦྱོར་ངོ་སྤྲོད་བརྒྱུད་ནས་ཕ་ཡུལ་དང་རྒྱལ་ཁབ་ལ་དགའ་བའི་ཀུན་སྤྱོད་སློབ་གསོ་གཏོང་བ།   དཔེར་ན། 《ཕོ་བྲང་པོ་ཏ་ལ》དངལྷ་སའི་གཙུག་ལག་ཁང་རྣམ་གཉིསལྟ་བུ་ནི་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་རྣམ་གཉིས་ཀྱི་བཟོ་བཀོད་དང་ནང་རྟེན་སོགས་གསལ་བཤད་མཚམས་སྦྱོར་བྱས་པའི་སློབ་ཚན་ཡིན་པས་དེའི་ཕྱོགས་ཀྱི་ཤེས་བྱ་ངོ་སྤྲོད་བྱེད་རྒྱུ་ལས་གཞན།ཕོ་བྲང་པོ་ཏ་ལ་ནི་འཛམ་གླིང་ན་མིང་དུ་གྲགས་པའི་རིག་གནས་གྱི་ཕོ་བྲང་ཡིན་ཚུལ་དང་།ལྷ་སའི་གཙུག་ལག་ཁང་རྣམ་གཉིས་ནི་རྒྱ་བོད་བལ་གསུམ་གྱི་རིག་གནས་དང་ལག་རྩལ་གྱི་ཉིང་བཅུད་དང་།མི་རིགས་མཐུན་སྒྲིལ་གྱི་དན་རྟགས་སོགས་ཡིན་པ་ལ་རྒྱུས་ལོན་བྱེད་དུ་འཇུག་པ།ད་དུང་ཕ་ཡུལ་དང་རྒྱལ་ཁབ་ལ་བྱས་རྗེས་རླབས་པོ་ཆེ་བཞག་མྱོང་ཞིང་སྙན་གྲགས་དེབ་ཐེར་དུ་འཁོད་པའི་མི་སྣ་མཚམས་སྦྱོར་བྱས་པའི་སློབ་ཚན་ཡང་གང་མང་ཡོད་པ།   དཔེར་ན།གཡུ་ཐོག་ཡོན་ཏན་མགོན་པོཞེས་པའི་སློབ་ཚན་དུ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཆུང་དུས་ནས་གསོ་རིག་ལ་སློབ་ སྦྱོང་བྱས་ཤིང་།    རྒྱ་ནག་དང་བལ་བོ།རྒྱ་གར།ཁ་ཆེ་སོགས་སུ་ཕེབས་ཏེ་བསླབས་པའི་གསོ་རིག་གཞུང་ལུགས་དང་ལག་ལེན་གྱིས་ཁ་གསབ་བྱས་ཤིང་།     རང་གིས་ལོ་མང་པོར་སྲོག་སྐྱོབ་སྨན་བཅོས་བྱས་པའི་ཉམས་མྱོང་སྤྱི་སྡོམ་བྱས་ཏེ་《དཔལ་ལྡན་རྒྱུད་བཞི》གསར་རྩོམ་དང་།   སློབ་མ་མང་པོ་བསྐྱངས་ཏེ་གངས་ཅན་གྱི་ལྗོངས་ལ་གསོ་རིག་གི་ཉི་མ་ཤར་དུ་བཅུག་པའི་མཛད་རྗེས་རླབས་པོ་ཆེ་སོགས་བརྗོད་ཡོད་པས་དེ་ཤེས་རྟོགས་བྱ་རྒྱུ་གཙོ་བོར་འཇོག་དགོས་པ་མ་ཟད།གཡུ་ཐོག་ཡོན་ཏན་མགོན་པོ་ལྟ་བུ་ཞིབ་འཇུག་གི་ སྙིང་སྟོབས་དང་།   གསར་གཏོད་ཀྱི་སྙིང་སྟོབས་ལྡན་པའི་མི་སྣ་གྲགས་ཅན་ཡང་ང་ཚོ་ཕ་ཡུལ་དུ་འཁྲུངས་མྱོང་བ་དང་།    ཁོང་ནི་ཕ་ཡུལ་གྱི་གཟི་བརྗིད་ཡིན་པ་སོགས་ཤེས་སུ་བཅུག་སྟེ།   ཕ་ཡུལ་ལ་བརྩེ་དུང་ཇེ་ཟབ་དང་མི་རིགས་ཀྱི་འདུ་ཤེས་ཇེ་བརྟན་དུ་བཏང་ཐོག་རྒྱལ་ཁབ་ལ་དགའ་བའི་བསམ་བློ་ཀུན་སྤྱོད་སློབ་གསོ་ཆགས་སུ་འཇུག་རྒྱུ་གཙིགས་སུ་འཛིན་གལ་ཆེའོ
གཉིས།    བློ་ཡོད་གཞུང་དྲང་གི་མི་གཤིས་སྐྱེད་སྲིང་།
      "མི་རང་ག་བའི་ཀུན་སྤྱོད་མི་གཤིས་ཀྱི་ཚད་ལས།    མི་རིགས་སྤྱིའི་ཀུན་སྤྱོད་སྤུས་ཚད་གཏན་འཁེལ་བྱེད་ཀྱི་ཡོད།"ཅེས་པ་ལྟར་མི་རབས་རྗེས་མའི་མི་གཤིས་གང་འདྲ་ཞིག་སྐྱེད་སྲིང་བྱ་རྒྱུ་ནི་ང་ཚོ་དག་གི་སློབ་གསོར་རགས་ལས་པས་ན།    སྐད་ཡིག་སློབ་ཁྲིད་ཁྲོད་ནས་སློབ་མ་རེ་རེའི་ཐུན་མིན་གྱི་མི་གཤིས་ལ་བརྩི་མཐོང་དང་སྐྱེད་སྲིང་ལེགས་པོ་བྱེད་དགོས། དཔེར་ན།    དབྱིན་ཇིའི་རྩོམ་མཁན་ཏེ་ཨེན。སི་ཐན་ལེས་བརྩམས་པའི་《བུ་ཆུང་སན་ལྡེ》ཞེས་པའི་སློབ་ཚན་དུ་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་སུ་བུ་ཆུང་སན་ལྡེ་ཡིས་འབར་ཞུན་བཙོངས་ནས་ཁོ་དང་ནུ་བོ་གཉིས་ཀྱི་ཁ་གསོ་ཐབས་ བྱེད་པ་ལ།    དབུལ་ཞིང་ཕོངས་པའི་འཚོ་བ་རོལ་གྱི་ཡོད།   འཁྱག་ལྟོགས་གཉིས་ཀྱིས་མནར་བའི་ཉིན་ཞིག་ལ་ཁོས་འབར་ཞུན་བཙོངས་ནས་སྒོར་མོ་སློག་པའི་ཆེད་དུ་རྒྱ་ལམ་གྱིཕར་ཁར་འགྲོ་སྐབས།    སྟབས་མ་ལེགས་པར་ཤིང་རྟ་ཞིག་དང་རྡུང་ཁ་བརྒྱབ་པས་ཤིང་རྟའི་འཁོར་ལོ་ཡིས་ཁོའི་རྐང་བ་གཉིས་བཅག་ནས་འཆི་བར་ཉེ་ཡང་།   ཁོས་རང་གི་ནུ་བོར་སྒོར་མོ་ལྷག་མ་བསྐྱལ་དུ་བཅུག་པ་དང་།    རང་གི་བདེ་སྡུག་ལ་ བསམ་བློ་ཅུང་ཙམ་ཡང་མི་གཏོང་བར་ནུ་བོ་ལེ་པུ་སུ་ཞིག་གིས་གཉོར་སྐྱོང་བྱེད་རྒྱུ་ལ་སེམས་ཁུར་དང་འབོད་སྐུལ་བྱེད་ཞོར་དུ་ཤི་བའི་གནས་ཚུལ་བརྗོད་ཡོད་པ་སོགསསློབ་མར་ཤེས་རྟོགས་བྱེད་དུ་འཇུག་དགོས་པ་མ་ཟད།   བུ་ཆུང་སན་ལྡེ་ཡི་བློ་ཡོད་གཞུང་དྲང་དང་།    བྱམས་སྙིང་རྗེ་ཆེ་བའི་བླ་མེད་མི་གཤིས་ལ་སློབ་སྦྱོང་བྱེད་དུ་འཇུག་དགོས་པ་གནད་ཀྱི་དམ་པའོ།    རྒྱུ་མཚན་གང་ཞེ་ན།   དེང་དུས་ཀྱི་ལོ་ཆུང་བྱིས་པ་རྣམས་ལ་མཚོན་ན།   སྤྱི་ཚོགས་གསར་བའི་ཆ་རྐྱེན་བཟང་བོའི་སྐབས་ཀྱི་བྱིས་པ་དག་དག་ཡིན་པས།    དབུལ་ཕོངས་དང་འཁྱག་ལྟོགས་ཀྱི་འཚོ་བ་ལ་དེ་འདྲ་ཆ་རྒྱུས་མེད་པའི་ཁར་དབུལ་ཕོངས་དང་འཁྱག་ལྟོགས་ཀྱི་འཚོ་བ་དེ་བས་ཀྱང་མྱོང་མི་དགོས།     ཡིན་ནའང་བདེ་སྐྱིད་ཀྱི་འཚོ་བའི་ཁོར་ཡུག་ཁྲོད་དུ་ཡ་རབས་ཚུལ་ལྡན་དང་།    བློ་ཡོད་གཞུང་དྲང་། བྱམས་སྙིང་རྗེ་ཆེ་བའི་མི་གཤིས་ཤིག་ཆུང་དུས་ནས་སྐྱེད་སྲིང་བྱས་ན་རྗེས་སུ་གཡོ་སྒྱུ་བྲལ་ཞིང་མི་ལ་རོགས་རམ་བྱ་རྒྱུར་དགའ་བའི་མི་ཞིག་ཏུ་འགྱུར་ཁོ་ ཐག་རེད།   
གཞན《རྒྱན་འཁེལ་བའི་ཉིན་མོ》ཞེས་པའི་བསྒྱུར་རྩོམ་སློབ་ཚན་དུ་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་མ་ལངས་གོང་ལ་རླངས་འཁོར་ཞིག་གསོ་བཟོ་བ་ཞིག་གིས་རྒྱན་བྱང་གཉིས་ཉོས་པ་ལས་གཅིག་ལ་རྒྱན་ཁེལ་ནས་(ཁོབ་པེ་ཞེས་པའི་ལས་གྲོགས་ཀྱིས་ཁོ་ལ་རྒྱན་བྱང་ཉོ་བར་བསྐུར་བ་ལ་རྒྱན་ཁེལ་བ་དང་དེ་ཁོ་གཅིག་པུས་མ་ གཏོགས་སུས་ཀྱང་མི་ཤེས)རླངས་འཁོར་གསར་བ་ཞིག་ལག་ལ་ཐོབ་མོད། འོན་ཀྱང་ཁོས་ཟོལ་མེདགཞུང་དྲང་དངཁ་དན་ཚིག་ལ་གནས་པའི་སྒོ་ནས་ལས་གྲོགས་ལ་ཁ་པར་བརྒྱབ་ཏེརླངས་འཁོར་ཁྱེར་དུ་བཅུག་པའི་གཏམ་རྒྱུད་བྲིས་ཡོད་པ་བཤད་ཞོར་དུ།   སློབ་མ་ལ་ཟོལ་མེད་གཞུང་དྲང་ནི་རྒྱུ་ནོར་འབོར་ཆེན་ལས་ལྷག་པར་རྩ་ཆེ་བའི་ཀུན་སྤྱོད་ཅིག་ཡིན་པ་རྟོགས་སུ་འཇུག་པ་དང་།    ཟོལ་མེད་གཞུང་དྲང་གི་མི་གཤིས་ཤིག་རང་གི་རྒྱུད་ལ་ཆགས་དགོས་པའི་ཀུན་སློང་འཛུགས་སུ་བཅུག་ན་མ་འོངས་པར་སློབ་མ་ཁོ་རང་སྤྱི་ཚོགས་འཚོ་བ་དངོས་ལ་ཞུགས་དུས་མི་གཤིས་ལེགས་པོ་ལྡན་ པའི་མི་ཞིག་ཏུ་འགྱུར་ཐུབ་པར་ཡིད་ཆེས་བྱས་ཆོག
གསུམ།    མཛའ་མཐུན་དང་འགྲིག་མཐུན་གྱི་ཀུན་སྤྱོད་སློབ་གསོ།
"མཐུན་པ་སྤུན་བཞི"ནི་མཛའ་མཐུན་དང་འགྲིག་མཐུན་གྱི་མཚོན་བྱེད་ཡིན་ལ། རྒན་བཀུར་ཆུང་བྱམས་ཀྱི་མཚོན་བྱེད་ཀྱང་ཡིན།   རྗེ་དགེ་འདུན་གྲུབ་ཀྱིས་བརྩམས་པའི《མཐུན་པ་སྤུན་བཞི》ཞེས་པའི་སློབ་ཚན་ལྟ་བུ་ཁྲིད་པའི་ངོས་ནས་བཤད་ན། གླང་ཆེན་དང་སྤྲེའུ།   རི་བོང་།   བྱ་སྲེག་པ་བཅས་སྲོག་ཆགས་དེ་དག་གི་འབྲེལ་བ་བཟང་ནའང་ཕན་ཚུན་ལ་བཀུར་གཟོ་བྱེད་པའི་སྲོལ་བཏོད་དགོས་དོན་ཅི་ཡིན་པ་དང་།    སྲོག་ཆགས་དེ་དག་གིས་རྒན་གཞོན་གྱི་ཚད་ཇི་ལྟར་དབྱེ་བ་དང་།   བཀུར་གཟོ་བྱེད་པའི་སྲོལ་ཅི་ཞིག་བཙུགས་པ།   ཕན་ཚུན་ལ་བཀུར་གཟོ་ཇི་ལྟར་བྱས་པསོགས་ལ་སློབ་མར་གོ་བ་ལེན་དུ་འཇུག་རྒྱུ་ནི་གཙོ་བོཡིན་ནའང་།     ཆེས་གལ་ཆེ་བ་ནི་སློབ་གྲོགས་ཕན་ཚུན་བར་དང་།   རྒན་གཞོན་ཕན་ཚུན་བར་དང།   མི་རིགས་ཕན་ཚུན་བར་ཏེ་མདོར་ན་མི་དང་མིའི་བར་དང་། ཐ་ན་མི་དང་སྲོག་ཆགས་བར་མཛའ་བརྩེའི་འབྲེལ་བ་འཛིན་དགོས་པར་མ་ཟད།   ཕན་ཚུན་ལ་བརྩི་བཀུར་དང་བྱམས་སྐྱོང་བྱས་ཏེ།    ཐུན་མོང་གི་བདེ་སྐྱིད་བསྐྲུན་པར་འབད་བརྩོན་བྱེད་དགོས་པའི་སློབ་གསོ་གཏོང་རྒྱུ་ གལ་ཆེ།    རྒྱུ་མཚན་ནི་དེང་སྐབས་འཛམ་གླིང་ཧྲིལ་བོ་ཚང་མས་མཐོང་ཆེན་བྱེད་བཞིན་པ་ནི་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་འཆམ་མཐུན་ཡིན།   དགོས་སུ་རང་རེ་རྒྱལ་ཁབ་ལ་མཚོན་ན་མི་རིགས་མང་པོ་མཉམ་སྡོད་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་ ཡིན་པས་ཕན་ཚུན་དབར་མཛའ་མཐུན་དང་འགྲིག་མཐུན་གྱི་ཀུན་སྤྱོད་མ་ལྡན་ན་ཐུན་མོང་གི་བདེ་སྐྱིད་ཀྱི་འཚོ་བ་ཟེར་བ་ཞིག་མིང་གི་ལྷག་མ་ཙམ་དུ་འགྱུར་ཉེན་ཆེ། ང་ཚོ་མི་རིགས་ཡོངས་ལ་མཛའ་མཐུན་མཉམ་གནས་དང་།   མཐུན་སྒྲིལ་རོགས་རེས་ཀྱི་ བསམ་བློ་ཀུན་སྤྱོད་ལྡན་ན་རང་རེ་རྒྱལ་ཁབ་འདི་མེ་ཏོག་སྣ་བརྒྱས་བརྒྱན་པའི་སྐྱེད་ཚལ་ལྟར་མཛེས་སྡུག་ལྡན་ངེས་རེད།   ལྷག་པར་དུ་རྒན་བཀུརཆུང་བྱམས་ཀྱི་ཀུན་སྤྱོད་དེ་སློབ་མའི་རང་གཤིས་ལ་ཆགས་སུ་བཅུག་ན་སློབ་གྲོགས་ཕན་ཚུན་བར་དང་།   མི་རིགས་ཕན་ཚུན་བར་ལ།    བརྩི་བཀུར་དང་རོགས་རམ་སོགས་ཡོད་པའི་སྤྱི་ཚོགས་ ཁོར་ཡུག་ཅིག་ངང་ངམ་ཤུགས་ཀྱིས་གྲུབ་ནས་བདེ་སྐྱིད་རྟག་བརྟན་གྱི་འཚོ་བ་རོལ་ཐུབ་པའི་གལ་ཆེན་རང་བཞིན་ལྡན་ནོ།
    མདོར་ན་སྐད་ཡིག་སློབ་ཁྲིད་ལ་སྐད་དང་ཡི་གེའི་ཆ་དང་།   རིག་གནས་ཤེས་བྱའི་ཆ།   བསམ་བློ་ཀུན་སྤྱོད་ཀྱི་ཆ།   རང་བྱུང་ཚན་རིག་གི་ཆ།   ཡུལ་སྲོལ་གོམས་འདྲིས་ཀྱི་ཆ་སོགས་ཤེས་བྱ་སྣ་འདུས་ཡིན་པས། སློབ་ཁྲིད་བྱ་བའི་བརྒྱུད་རིམ་ཁྲོད་དུ་སྐད་ཡིག་གི་རྨང་གཞི་ཤེས་བྱ་བརྒྱུད་སྤྲོད་བྱ་རྒྱུ་གཙིགས་སུ་འཛིན་པ་དང་ཆབས་ཅིག་བསམ་བློ་ཀུན་སྤྱོད་སློབ་གསོ་ཡང་གལ་ཆེན་དུ་འཛིན་རྒྱུ་ཤིན་ཏུ་གལ་ཆེའོ༎
 
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།