སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

བོད་ཡིག་འབྲི་ཚུལ་སྐོར་ལ་མདོ་ཙམ་དཔྱད་པ། (1)

སྤེལ་དུས། 2018-03-06 21:57:52    རྡེབ་ཚད།
མཉམ་སྤྱོད་གནས།
   

བསམ་གཏན་དོན་གྲུབ་ཀྱིས་བརྩམས། དྲ་རྒྱ་ལས་བཏུས།

 
ནང་དོན་གནད་བསྡུས།
         གངས་ཅན་བྷོ་ཊའི་ཡུལ་འདིར་སྔོན་བྱོན་མཁས་གྲུབ་གང་མང་གི་དྲིན་ལས་ཤེས་རིག་གི་ཉིན་བྱེད་འཆར་ཞིང་བུ་རབས་ཚ་རྒྱུད་ཀྱིས་འཛིན་སྐྱོང་སྤེལ་གསུམ་གནང་གཤིས་རང་རེའི་ཁྱད་ཆོས་དང་ལྡན་པའི་ཐུན་མིན་རིག་གནས་ཀྱི་འདབ་སྟོང་ཞིག་འཛམ་གླིང་ཤེས་རིག་གི་གླིང་གར་ལྷམ་མེར་བཞད།ཡི་གེའི་འབྲི་སྲོལ་ཏེ་ཡིག་གཟུགས་ཀྱང་དེ་བཞིན་དུ་དུས་ཀྱི་འཕེལ་འགྲོས་དང་ཡིག་མཁན་རྣམས་ཀྱི་སོར་མོའི་འདུ་བྱེད་ཀྱི་རྩལ་ལ་བརྟེན་ནས་ཡར་ངོས་ཟླ་བཞིན་འཕེལ་ཏེ་གཞུང་ལུགས་ཀྱི་མ་ལག་ཅིག་ངང་གིས་ཆགས།དཔྱད་རྩོམ་འདིར་ས་བཅད་ལྔ་སྟེ། ཐོག་མར་ཡིག་གཟུགས་འབྲི་ཚུལ་སྦྱངས་དགོས་པའི་རྒྱུ་མཚན་དང་དེ་ནས་བོད་ཀྱི་ཡིག་གཟུགས་ཀྱི་རྣམ་གྲངས་དང་འཕེལ་འགྱུར་བྱུང་ཚུལ།བོད་ཀྱི་ཡི་གེ་འབྲི་ཐབས། བྲིས་ལ་མཁས་པར་གྱུར་པའི་ཚད་དང་འབྲི་ཚུལ་གཟིགས་དཔྱད་བཅས་ལ་ལུང་རིགས་གཉིས་ཀྱིས་ཅི་ནུས་སྒོས་རྟོགས་འཇུག་བྱེད་པར་བྱའོ།།
གླེང་སློང་།
          ཡི་གེའི་འབྲི་ཚུལ་སྐོར་གླེང་དགོས་ན་ཐོག་མར་ཡི་གེའི་མཚན་ཉིད་དང་རྗེས་སུ་འབྲི་ཚུལ་དང་ཡིག་གཟུགས་ཀྱི་ཁྱད་པར་ཕྱེ་ན་ཁ་ཇེ་གསལ་དང་མཚན་ཉིད་རང་བཞིན་གྱི་གོ་འཛོལ་མི་འབྱུང་བས་སྔོན་འགྲོའི་ཚུལ་དུ་དེ་གཉིས་ལ་ཅུང་ཙམ་དཔྱད་རྗེས་དངོས་གཞིར་གཞུག་ན་ལེགས་པར་བསམ།ཡི་གེའི་མཚན་ཉིད་ནི་ཡི་གེའི་རང་སྟེང་གི་ཁྱད་གཤིས་དང་འཇོག་པ་པོའི་རིག་གནས་ཀྱི་རྒྱབ་ལྗོངས་ལས་སྣ་མང་བྱུང་སྟེ།དཔེར་ན་མཁས་དབང་དམུ་དགེ་བསམ་གཏན་མཆོག་གིས། ཡི་གེ་དངོས་ནི་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་བའི་སྐད་ཀྱི་གདངས་དེ་ཡིན་ལ།ཡིག་གཟུགས་ནི་ཡི་གེ་བཏགས་པ་བ་ཡིན་པར་གསུངས།” 1ཤིང་། དཔའ་རིས་སངས་རྒྱས་ཀྱིས་བོད་ཡིག་ནིསྒྲ་གཟུགས་དོན་གསུམ་གྱི་འདུས་མ” 2ཡིན་པར་བཞེད། སྔ་མས་ཡི་གེ་དང་ཡིག་གཟུགས་གཉིས་སོ་སོར་ཕྱེ་ཞིང་ཕྱི་མས་ཡིག་གཟུགས་ནི་ཡི་གེ་ཁོངས་སུ་གཏོགས་པར་བཞེད་རུང་འགལ་བ་མ་མཆིས་ཀྱི།སྐབས་བསྟུན་གྱིས་མཚན་ཉིད་ལ་འགྱུར་བ་བྱུང་བ་དེས་ཡི་གེ་རང་སྟེང་ལ་ངོས་འཛིན་བྱ་བའི་ཐབས་གསར་དུ་བསྐྲུན་པའི་དགེ་བ་བདོག་པ་དང་།ཅི་ནས་ཀྱང་ཐུན་མོང་གི་ཆ་སྐད་ཀྱི་གདངས་ནི་བོད་ཡིག་གི་ཁྱད་གཤིས་ཡིན་པ་མཁས་པ་གཉིས་ཕན་ཚུན་མི་འགལ་བར་འདུགཡང་ད་སྐབས་མཁས་རློམ་སྐོར་ཅིག་གིས་ཡི་གེ་ནི་ལག་ཆར་སྨྲ་བར་ངེས་པར་དུ་བག་ཡོད་བགྱི་དགོས་པ་ཞིག་སྟེ།གལ་ཏེ་རང་རིགས་ཀྱི་སྲོག་རྩ་དང་རྨང་གཞིར་གྱུར་བའི་སྐད་ཡིག་ནི་ལག་ཆར་བལྟས་ན། རིག་གནས་ལ་དུང་ཞེན་དང་འགན་འཁྲིའི་འདུ་ཤེས་ཉམས་ཏེ་སྐྱོ་བའི་གནས་སུ་འགྱུར་ཉེན་ཆེ།འོན་ཀྱང་གཞན་གྱི་ཡི་གེར་ལག་ཆའི་འདུ་ཤེས་འཛིན་མི་ཆོག་ཅེས་ཁོ་བོས་མཐའ་གཅིག་ཏུ་དགག་པ་མིན་ལགས།
         གཞན་ཡང་འབྲི་ཚུལ་དང་ཡིག་གཟུགས་ཀྱི་ཁྱད་པར་ལ་མི་མང་པོས་ངོས་འཛིན་དག་པོ་མ་འཁྱོངས་བར་གོ་འཛོལ་བྱུང་བའི་སྣང་ཚུལ་འདུག་ཅིང་།དེའང་འབྲི་ཚུལ་ནི་འབྲི་བའི་ཐབས་ལ་ཟེར་ཞིང་། ཐབས་དེར་གཞིར་བྱས་ནས་འབྲི་བའི་རྩལ་ཀྱང་འབྱུང་སྲིད་པ་དང་།བྲི་བྱ་ནི་ཡི་གེའི་གཟུགས་རུས་ཡིན་སྟབས་ཡིག་གཟུགས་ནི་འབྲི་ཚུལ་གྱི་ཁོངས་སུ་གཏོགས་པའང་ནོར་བར་མི་བྱེད་ལ།དེ་ལས་གཞན་འབྲི་ཚུལ་གླེང་དུས་བྲི་གཞི་དང་བྲི་ཆས། འབྲི་ཚུལ་ཉམས་དཔྱད་སོཌ་ཀྱང་ཞོར་དུ་ཐོན་ན་འདབ་བརྒྱད་ཀྱི་པདྨ་ཇི་བཞིན་ཆ་འཛོམས་ཤིག་ཏུ་སེམས།
གཅིག ཡིག་གཟུགས་འབྲི་ཚུལ་སྦྱངས་དགོས་པའི་རྒྱུ་མཚན་ལ་དཔྱད་པ།
         དུས་རབས་ཀྱི་འཕོ་འགྱུར་དང་ཚན་རིག་གི་འཕེལ་རྒྱས་དང་བསྟུན་ནས་དེང་གི་དུས་འདིར་ཆ་འཕྲིན་ལག་ཆས་སྣ་མང་བྱུང་སྟེ་སྲོལ་རྒྱུན་གྱི་བྲི་ཀློག་ལ་བརྡབ་གསིག་ཐེབས་པ་ནི་དངོས་ཡོད་ཀྱི་སྣང་ཚུལ་ཞིག་ཡིན།ལྷག་པར་དུ་ཡི་གེའི་འབྲི་ཚུལ་གྱི་སློབ་གསོར་མཚོན་ན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་མམ་དམངས་ཁྲོད་དུ་འཁྲིགས་པ་ཉག་ཉོག་གི་གནས་སུ་ལྟུང་ནས་འབྲི་ཤེས་ཙམ་ལས་འབྲི་ཚུལ་གྱི་རྒྱུན་ཤེས་དང་དེར་དུང་བ་ནི་ཟད་ལ་ཉེ།ལར་ཡིག་གཟུགས་འབྲི་ཚུལ་ལ་སྦྱངས་པའི་འདུན་པ་སློང་ཆེད་དེའི་དགེ་བའམ་ཅིའི་ཕྱིར་སྦྱངས་དགོས་པའི་ཕན་ཡོན་སྔུན་བསུ་བའི་ཚུལ་དུ་འདིར་དཔྱད་ན།
དང་པོ། ཡིག་གཟུགས་ཡག་པོ་ཡོང་ཆེད།
          ཡི་གེར་མཛེས་ཉམས་ཐོན་ན་གནས་གང་དུའང་གཟེངས་བའི་མཐེ་བོང་བགྲེངས་བར་མ་ཟད་ཡོན་ཏན་པའི་གྲས་སུའང་རང་བཞིན་གྱིས་བརྩི།དེ་ལྟ་མིན་ན་ཡོན་ཏན་ཅན་ཞིག་ཡིན་རུང་མཛེས་མ་རྒྱན་ལས་བྲལ་བ་བཞིན་ཡག་ཐོག་ཡག་བརྩེགས་ཤིག་མིན་སྟབས་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས།མི་མཛེས་གོས་ངན་གྱོན་པ་འདྲ།།” 3ཞེས་དཔེ་དང་སྦྱར་ནས་གསུངས་པ་ནི་དོན་དང་ལྡན་པར་དངོས་ཡོད་འཚོ་བའི་ཁྲོད་དུའང་མང་པོ་མཐོང་ཐུབ།གལ་ཏེ་ཡོན་ཚད་འདྲ་བའི་མི་གཉིས་ཀྱིས་ལས་གནས་གཅིག་ལ་འགྲན་རྩོད་བགྱི་དགོས་ཚེ་ཡིག་གཟུགས་མཛེས་ཉམས་ལྡན་པ་དེས་གོང་རིམ་ལ་བག་ཆགས་ཟབ་མོ་འཇོག་སླ་བས་ལས་གནས་རེག་ཚད་ཀྱང་ཅིག་ཤོས་ལས་ཆེ་བར་བརྟེན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་འགྲིམས་པའི་སློབ་མ་གཙོར་བྱས་དགེ་རྒན་དང་ཕ་མ་སོགས་ཀྱིས་ཀྱང་ཡིག་གཟུགས་འབྲི་ཚུལ་ལ་ལེགས་པར་བསླབ་ན་ཕྱོགས་གང་ཅིའི་ཐད་དུ་དགེ་མཚན་མི་དམན་པ་ཞིག་འབྱུང་སྲིད་པ་ནི་ཚོམ་མི་དགོས།
གཉིས་པ། ལུས་སེམས་ལ་སྦྱོང་བརྡར་ཐོབ་ཐུབ་པ།
          ཡི་གེ་ཆེ་ཆུང་ལ་གཞིགས་ནས་སྨྱུག་འགྲོས་འཐེན་སྟངས་དང་སྨྱུག་ཁ་བསྐོར་སྟངས་ལ་ཁྱད་ཡོད་དེ།སྤྱིར་བཏང་གི་འབྲི་དེབ་སོགས་སུ་བྲི་དུས་མཐེ་བོང་དང་གོང་མཛུབ་འགུལ་བ་ཙམ་གྱིས་ཆོག་ལ་ཡིག་གཟུགས་ཆེ་ནས་ཆེར་འགྲོ་བ་ལ་རིམ་བཞིན་དུ་མཁྲིག་མ་དང་དཔུང་བ།ཕྲག་པ། ལུས་ཧྲིལ་བོ་འགུལ་དགོས་པས་བྲི་སྦྱོང་གི་བརྒྱུད་རིམ་ཁྲོད་དུ་ལུས་པོའི་དབང་རྩའང་ངང་ངམ་ཤུགས་ཀྱིས་སྦྱོར་བརྡར་བགྱིས་ཏེ་རླུང་མཁྲིས་བད་ཀན་གཞི་བྱས་པ་ལས་མཆེད་པའི་སྙིང་ནད་དང་ཁྲག་རྩ་མཐོ་བའི་ནད་སོགས་རྒྱུན་འབྱུང་གི་ཉེན་ནད་དག་འབྱུང་བའི་སྐལ་བ་ནི་ཤིན་ཏུ་ཕྲ།ཡིག་གཟུགས་འབྲི་ཚུལ་བསླབ་དུས་ངེས་པར་དུ་བསམ་པ་རྩེ་གཉིས་དང་བྲལ་ཏེ་གཅིག་ཏུ་བསྒྲིམ་དགོས་སྟབས་དེར་བསླབ་ན་སེམས་ལྷོད་ཅིང་བག་ཕེབས་པར་འགྱུར་བ་ནི་རང་བཞིན་དུ་ལགས།ཁ་དཔེ་ལ་སེམས་བདེ་ན་བདེ་བའི་མཆོག་ཡིན་ཞེས་པ་ལྟར་སེམས་བདེ་ན་ལུས་ཀྱི་འབྱུང་བཞི་ངང་ངམ་ཤུགས་ཀྱིས་བདེ་བར་ཆགས་ཏེ་ནད་གསུམ་དུག་ལས་བསྲུང་ཞིང་ཚེ་རིང་དུ་ཆགས་པར་ལོ་རྒྱུས་དང་དངོས་ཡོད་འཚོ་བའི་ཁྲོད་ཀྱི་ཡིག་མཁན་ཚོར་བལྟས་ན་རྟོགས་ཐུབ་ལ།འགོས་ལོ་རང་དགུང་ལོ་གོ་གཅིག་ལ་ཞལ་བཞུགས་ཤིང་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་ཀྱང་དགུང་ལོ་དོན་དྲུག་ལ་སྐུ་བཞུགས་པ་ལས་གཞན་རྒྱ་ནག་གི་མཁས་པ་ཞིག་གིས།མིན་རྒྱལ་རབས་དང་ཆིན་རྒྱལ་རབས་སྐབས་ཀྱི་ཡིག་མཁན་དང་རི་མོ་བ།རྟོགས་པ་མཐོན་པོར་སླེབས་པའི་ཧྭ་ཤང་གི་ཚེ་ཚད་བསྡུར་འབྲས་སུ། སྔ་མ་ནི་ཕྱི་མ་ལས་ལོ༡༢.༧གྱིས་ཚེ་ཚད་རིང”4བ་ར་སྤྲོད་བྱས་འདུག་ཁར་ཡིག་གཟུགས་འབྲི་ཚུལ་གྱིས་ལུས་སེམས་ཀྱི་བདེ་ཐང་ལ་ཇི་འདྲའི་ཤུགས་རྐྱེན་ཐེབས་པ་ནི་སྨྲས་མ་དགོས་སོ།།
གསུམ་པ། ཡིག་གཟུགས་འབྲི་ཚུལ་གྱི་སློབ་གསོའི་ནུས་པ་ཆེར་གཏང་ཆེད།
         ཐོག་མར་འདིར་ཡིག་གཟུགས་འབྲི་ཚུལ་ལ་སློབ་གསོའི་ནུས་པ་ལྡན་པ་གཞིར་བྱས་ཡོད་དེ།ཅིའི་ཕྱིར་ཞེ་ན། དེ་ནི་གཟུགས་རིས་ཙམ་དགོད་པ་མ་ཡིན་པར་དགོད་བྱའི་དོན་ཡང་མིར་སློབ་གསོའི་ནུས་པ་ལྡན་པའི་ལེགས་བཤད་དང་གསུང་ལས་མ་རབས་ལ་བསྐུལ་ཞིང་སྡིག་པར་གཞུག་པའི་གསུང་འབྲི་སྲོལ་མེད་པར་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས།མ་དག་སྐྱེས་བུ་སྙིང་མེད་འདྲ།”5ཞེས་བརྗོད་བྱ་དོན་དག་པ་ཞིག་འཁྱོངས་དགོས་ཚུལ་དཔེ་དང་སྦྱར་ནས་བསྟན་འདུག་ལ།སྟོན་པ་ཤཱཀྱ་ཐུབ་པས་ཀྱང་།ལྔ་བརྒྱའི་ཐ་མར་གྱུར་བའི་དུས། །ང་ནི་ཡི་གེའི་གཟུགས་སུ་གནས།།ང་ཡིན་སྙམ་དུ་ཤེས་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས།།”6ཞེས་ཡིག་གཟུགས་ཀྱི་ངོ་བོ་ནི་དགེ་སྒྲུབ་སྡིག་སྤང་ལ་བསྐུལ་བ་ཞིག་ཡིན་པར་གསུངས་འདུགདེའི་སྟབས་ཀྱིས་འདིའི་སློབ་གསོའི་ནུས་པར་དོ་སྣང་དང་མཐོར་འདེགས་གནང་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་བས་མཁས་པ་ཚོ་ཡང་རྐང་དྲུག་བུང་བུ་མེ་ཏོག་ལྡུམ་རར་འཇུག་པ་ཇི་བཞིན་འདིའི་ཕྱོགས་ལ་བྲོད་ཀྱིས་གཞུག་རོགས་ཞུའོ།།      ༼མུ་འགོད༽
 
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།