༄༅།།རང་སློབ་གྲྭས་གཏམ་བཤད་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།
ང་དང་ངའི་ཀྲུང་གོའི་རྨི་ལམ་བརྗོད་གཞིར་བཟུང་བའི་གཏམ་བཤད་འགྲན་བསྡུར་དེ་ཟླ༡༠པའི་ཚེས༡༨ཉིན་གྱི་ཕྱི་དྲོར་རང་སློབ་གྲྭའི་ལུས་རྩལ་ར་བར་བསྡུས།ཐེངས་འདིའི་འགྲན་བསྡུར་ནི་ལོ་ཆུང་གདོང་ལེན་རུ་ཁག་གིས་རྩ་འཛུགས་བྱས་ཤིང་།སློབ་གྲྭའི་འཛིན་གྲྭ་སོ་སོས་ཐོག་མའི་འགྲན་བསྡུར་དང་བསྐྱར་འགྲན་བྱས་པ་བརྒྱུད་ནས་རྟིང་རྩོད་འགྲན་བསྡུར་གྱི་རྣམ་པ་རུ་སྤེལ་བ་ཞིག་ཡིན་ལ།འགྲན་ཞུགས་སློབ་མ་དག་གི་ལུས་ཀྱི་ཉམས་འགྱུར་དང་སྐད་ཀྱི་གདངས་དབྱངས་ལས་ན་ཆུང་སློབ་མ་དག་མ་འོངས་མདུན་ལམ་བསྙེགས་པའི་རྨི་ལམ་དང་མཛེས་སྡུག་འོད་སྟོང་ལྡན་པའི་བྱིས་པའི་རང་མདངས་མཚོན་པས་སློབ་གྲྭའི་དགེ་སློབ་དག་གི་དབང་བོའི་ལོངས་སྤྱོད་དུ་གྱུར་བ་མ་ཟད།གཏམ་བཤད་ཀྱི་ནང་དོན་ཕུན་སུམ་ཚོགས་པར་འདུས་པས་སློབ་མ་རྣམས་ཀྱི་ཤེས་བྱར་སློབ་སྦྱོང་དང་མི་གཞི་གསོ་སྐྱོང་གི་ཐད་ལ་ཕན་འབྲས་ངེས་ཅན་ཐོབ།འགྲན་བསྡུར་མཇུག་ཏུ་དྲུག་གཉིས་འཛིན་གྲྭའི་སློབ་མ་ཡོངས་ཀྱིས་བརྩེ་བ་དང་དུངས་སེམས་ཕྱུག་པོས༼ལང་ཚོའི་རྦབ་ཆུ༽གྱེར་འདོན་བྱས་པར་ཚོགས་རར་སྔར་ལས་ལྷག་པའི་གསོན་ཤུགས་རྒྱས་ཤིང་ཡིད་འགུལ་ཐེབས་པའི་རྣམ་པ་བྱུང་།འགྲན་བསྡུར་བརྒྱུད་སློབ་ གྲོགས་བཅུ་གཉིས་ལ་རིམ་པ་མི་འདྲ་བའི་བྱ་དགའ་ཐོབ་ལ།སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སློབ་གཙོ་གཞོན་པ་ཆོས་སྐྱོང་བཀྲ་ཤིས་ཀྱིས་བྱ་འགུལ་དང་འབྲེལ་བའི་སྤྱི་སྡོམ་གཏམ་བཤད་གནང་།ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་སྟོན་དགེ་རྒན་མཚོ་མོས་བྱ་འགུལ་ལ་འགོ་འཛིན་བྱས།

འགྲན་ཞུགས་སློབ་མ།
བྱ་དགའ་ཐོབ་པའི་སློབ་མ
དྲུག་གཉིས་འཛིན་གྲྭའི་སློབ་མ་ཡོངས་ཀྱིས་ ༼ལང་ཚོའི་རྦབ་ཆུ༽གྱེར་འདོན་བྱེད་བཞིན་པ།
