སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄༅།།ཚགས་པར་དུ་བཀོད་པའི་སློབ་མའི་རྩོམ་ཡིག

སྤེལ་དུས། 2018-04-12 09:34:34    རྡེབ་ཚད།
མཉམ་སྤྱོད་གནས།
   

微信图片_20180412093739.jpg

              རང་ཁྱིམ་གྱི་ཁང་བའི་བཀོད་པ།
                    དྲུག་གཅིག་འཛིན་གྲྭ   རིན་ཆེན་བསམ་འགྲུབ།
     ངེད་ཚང་ནི་གཅན་ཚ་མདའ་མོ་གཡང་རྫོང་གི་མཁར་སྐོར་ལྷོ་ལམ་གྱི་རྨ་ཆུ་སྔོན་མོ་དང་ཁད་ཉེ་ས་རུ་གནས་ཤིང་། ལྗོན་ཤིང་གཡུ་ལོ་ཚར་དུ་དངར་བའི་ནགས་ཁྲོད་ཀྱི་ཁྱིམ་གཞིས་ཆེ་ཆུང་གྲལ་ལྟར་སྒྲིག་པའི་དཀྱིལ་དབུས་དོག་མོ་ཞིག་ཏུ་འབྲོག་ཁྱིམ་རོང་སར་ བབས་པའི་ཁྱིམ་ཚང་ཕལ་བ་ཞིག་ཡིན།
     ཁང་པའི་སྒོ་ལྷོ་རུ་འཁོར་ཡོད་ཅིང་ནུབ་ནས་ཁང་མིག་དང་པོ་ནི་ཟ་མ་གཡོས་སྦྱོར་བྱེད་ས་ཡིན་པ་དང་། ཁང་མིག་གཉིས་པ་ནི་བཟའ་མི་རྣམས་རྒྱུན་སྡོད་ཀྱི་ཟ་མ་ཟ་ས།མགྲོན་པོ་བསུ་ས་དང་ངལ་གསོ་བའི་གནས་ཡིན་པས་ངས་དེ་རུ་ལས་བྱ་འབྲི་བ་དང་བརྙན་འཕྲིན་ལ་ལྟ་བ་སོགས་བྱས་པ་ཡིན།   ཁང་མིག་གསུམ་པ་ནི་མཆོད་ཁང་ཡིན་པས་ཕ་མ་གཉིས་ཀྱིས་རྒྱུན་དུ་མཆོད་པ་བཤམས་པ་དང་བདུག་སྤོས་སྒྲོན་པ། མཆོད་མེ་སྦར་བ། ཁ་ཏོན་འདོན་པ་དང་ཕྱག་འཚལ་བ་བཅས་བྱེད་པ་ཡིན་པས་ང་དེ་རུ་འགྲོ་བ་ཧ་ཅང་ཉུང་།
 ཁང་མིག་བཞི་བ་ནི་ངའི་ཨ་ཅེ་གཉིས་ཀྱིས་དཔེ་ཆར་བལྟ་ས་དང་ཉལ་ཁང་བྱེད་ཀྱིན་ཡོད།མཐའ་ཡི་ཁང་མིག་ལྔ་བ་ནི་ང་ཚོ་དགུན་དུས་སྡོད་སའི་ཁང་བ་དྲོན་མོ་ཞིག་སྟེ་ལྕགས་ཐབ་ལ་མེ་བསྒོངས་ཚེ་ཚ་ཐབ་དང་ཁང་བའི་ནང་ཡོངས་སུ་ཧ་ཅང་སྐྱིད་ལ། དགུན་ཁའི་གྲང་ངར་ཡང་བརྗེད་འགྲོ་བའི་སྣང་བ་སྟེར།མཁར་ནང་གི་ཤར་ལྷོར་ཁམ་བུའི་སྡོང་བོ་ ཆེན་པོ་ཞིག་ཡོད་པའི་སྟེང་སིལ་ཁམ་བུ་ཐོགས་པ་ཧ་ཅང་མང་བས་ང་དེ་ལ་ཧ་ཅང་དགའ། ད་དུང་ནུབ་ན་རེབ་གོང་གི་ཆང་བ་ལིའི་སྡོང་བོ་ཡོད་ཅིང་དེར་སིལ་མང་པོ་མི་ཐོགས་པ་འདྲ། དཀྱིལ་གཞུང་གི་སྔོ་ཚལ་སྣ་ཚོགས་དང་མེ་ཏོག་གི་སྡོང་བོ་འགས་ཁང་པའི་ཕྱི་ནང་ཀུན་ལ་མཛེས་ཉམས་ཀྱི་རི་མོས་རྣམ་པར་རྒྱན་ཡོད། གནས་འདི་ནི་ངའི་ལྟེ་ཁྲག་འཕོ་ས་དང་འཚར་ལོངས་བྱུང་སའི་གཞིས་ཁྱིམ་གྲུ་བཞི་དེ་ཡིན་ནོ།།
མཛུབ་ཁྲིད་དགེ་རྒན། གཡང་སྐྱིད་སྒྲོལ་མ།
རྩོམ་ཡིག་འདི་༢༠༡༨ལོའི་ཟླ༤བའི་ཚེས༨ཉིན་གྱི་གངས་རྒྱན་ན་ཆུང་ཚགས་པར་དུ་བཀོད་ཡོད།
微信图片_20180412093757.jpg
 
 རྒྱལ་སྟོན་དུས་ཆེན་སྐབས་ཀྱི་མཐོང་ཐོས།
                              དྲུག་གཅིག་འཛིན་གྲྭ ལྷ་མོ་དོན་གྲུབ།
     ཟླ10པའི་ཚེས1ཉིན་ནས་ཚེས8ཉིན་བར་ལ་ང་ཚོའི་སློབ་གྲྭས་སློབ་མ་དང་དགེ་རྒན་ཡོངས་ལ་ངལ་གསོའི་གནང་བ་བྱིན་པ་རེད། ཕྱི་དྲོར་ངས་དཔེ་ཁུག་རྒྱབ་ཏུ་འཁུར་ཏེ་ཉིན་འགར་ངལ་གསོས་ཆོག་པ་སེམས་སུ་བཟུང་སྟེ་ཁྱིམ་དུ་ལོག་པ་ན་ཨ་མ་ཡང་ཡུལ་ལ་ཐོན་ཡོད། རང་གིས་ཨ་མར་སློབ་གྲྭས་ཉིན་བརྒྱད་ལ་གནང་བ་བཏང་ཡོད་ཚུལ་བཤད་མ་ ཐག་ཨ་མའི་གདོང་ལ་འཛུམ་ཞིག་ཤར་ཏེ་ཁོ་ཚོའི་སློབ་གྲྭའང་ཉིན་བརྒྱད་ལ་ངལ་གསོ་ ཡོད་པར་བཤད།   ང་རང་དགའ་སྤྲོའི་ངང་མལ་ཁང་དུ་སོང་སྟེ་དཔེ་ཁུག་བཞག་སྟེ་ལས་བྱ་འབྲི་མགོ་བརྩམས་མ་ཐག་ཨ་མས་ཕྱི་ནས"དོན་གྲུབ། དོན་གྲུབ"ཅེས་བོས་བྱུང་བས་ང་མགྱོགས་པོར་སྒོ་ཁར་སོང་བ་ན། ཉིན་འདི་འདྲ་མང་པོ་ཞིག་ལ་གནང་བ་ཡོད་ན་ངེད་གཉིས་གང་ལ་འགྲོ་ཞེས་དྲིས་བྱུང་། དེ་བས་ངས་ཐེ་ཚོམ་གཅིག་ཀྱང་མེད་པར་ཞུན་ཧྭ་རུ་འགྲོ་ཞེས་ལན་བཏབ་པ་ཡིན།
     ཕྱི་ཉིན་སྔ་མོར་ཨ་མས་དལ་དལ་ལྷོད་ལྷོད་ཀྱིས་སྒོ་ནས་ནངས་ཇ་གཡོ་སྐོལ་བྱས་པ་དང་། ང་རང་ཡང་ག་ལེར་མལ་ནས་ལངས་ཏེ་ངོ་གདོང་གཙང་མར་བཀྲུས་རྗེས་ནངས་ ཇ་འཐུང་བ་ཡིན་ཞིང་།    འཐུང་ཚར་རྗེས་ཨ་མ་དང་ངེད་གཉིས་ཕ་ཡུལ་ཞུན་ཧྭའི་ཕྱོགས་སུ་བསྐྱོད་པ་ཡིན། ལམ་བར་དུ་རླངས་འཁོར་མང་པོ་བྱ་འཕུར་བ་ལྟར་རྒྱུགས་བཞིན་ཡོད་པ་དང་། ཆུ་ཚོད་གཉིས་ཙམ་འགོར་རྗེས་ཕ་ཡུལ་ཞུན་ཧྭ་རྡོ་སྦིས་འོབ་དམར་རུ་ཐོན། ཨ་ཡེ་དང་ཨ་མྱེས་གཉིས་ཀྱིས་ང་རང་མཐོང་མ་ཐག་དགའ་སྤྲོའི་འཛུམ་གྱིས་བསུས་ཏེ་འགྲམ་པར་འོ་ཐེངས་མང་བྱས། ཡིན་ནའང་རྩེད་མོ་རྩེ་རྒྱུར་དགའ་བའི་ང་རང་མགྱོགས་པོར་གྲོགས་པོ་རྣམས་འབོད་དུ་སོང་སྟེ་རྩེད་མོ་རྩེ་རུ་སོང་བ་ཡིན།     
                         མཛུབ་ཁྲིད་དགེ་རྒན། གཡང་སྐྱིད་སྒྲོལ་མ།
རྩོམ་ཡིག་འདི་༢༠༡༨ལོའི་ཟླ༤བའི་ཚེས༨ཉིན་གྱི་རྨ་ལྷོའི་བོད་ཡིག་ཚགས་པར་དུ་བཀོད་ཡོད།
 
微信图片_20180412093814.jpg             
                         དགེ་རྒན་དུས་ཆེན།
                         དྲུག་གཅིག་འཛིན་གྲྭ   ཕག་མོ་ཆོས་སྒྲོན།༼ཆེ༽
   དགེ་རྒན་དུས་ཆེན་ནི་ལོ་རེའི་སྤྱི་ཟླ་དགུ་བའི་ཚེས་བཅུ་ཉིན་ཡིན། ཉིན་མོ་དེ་ནི་གནམ་འོག་གི་དགེ་རྒན་རྣམས་ལ་དབང་བའི་དུས་ཆེན་རེད། ཉིན་དེར་ང་ཚོས་ཀྱང་རང་གི་དྲིན་ཅན་གྱི་དགེ་རྒན་དག་ལ་སེམས་ཁོང་གི་ལེགས་སྐྱེས་འབུལ་བ་ཡིན།
    ད་ལོའི་དགུ་བའི་ཚེས་བཅུ་ཉིན་རང་རྫོང་གིས་སྐབས33པའི་དགེ་རྒན་དུས་ཆེན་གཟབ་རྒྱས་ངང་ནས་རོལ་བ་དང་།སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་སློབ་ཡོངས་ལུས་རྩལ་ར་བར་འདུས་ནས་ཧ་ཅང་དོན་སྙིང་ལྡན་པའི་དུས་ཆེན་ཞིག་ལ་རོལ། ཐོག་མར་འགོ་ཁྲིད་དག་གིས་སློབ་གསོའི་ཕྱོགས་ཀྱི་གཏམ་བཤད་འགའ་གནང་རྗེས། ད་ལོའི་སློབ་གསོ་དང་སློབ་སྦྱོང་གི་ཕྱོགས་ནས་རྒྱུགས་འབྲས་ཕུལ་བྱུང་ཅན་གྱི་དགེ་རྒན་དང་སློབ་མ་ཡོངས་ལ་བྱ་དགའ་གནང་ཞིང་། མུ་མཐུད་དུ་གཅན་ཚའི་སློབ་གསོ་ཕྱོགས་ལ་འབད་པ་བྱེད་དགོས་པའི་རེ་བ་བཏོན་པས།ངའི་སེམས་སུ་མུ་མཐུད་དུ་སློབ་སྦྱོང་ལ་ ཧུར་ཐག་དང་འབད་བརྩོན་བྱེད་པའི་འདུན་པ་ཟབ་མོ་ཞིག་འཁོར་བྱུང་།
     དེ་རིང་གི་དུས་ཆེན་འདི་སྔོན་ནས་བཀོད་སྒྲིག་བྱས་ཡོད་པས། སློབ་གྲྭ་སོ་སོའི་དགེ་རྒན་དང་སློབ་མ་རྣམས་གླུ་དབྱངས་དང་རྩེད་མོ་རྩེ་བའི་ལེ་ཚན་ལ་ཞུགས་ནས་དུས་ཆེན་ལ་རྟེན་འབྲེལ་ཞུ།
ཐེངས་འདིར་ངས་དགེ་རྒན་རྣམས་ལ་ལེགས་སྐྱེས་ཉོས་མེད་མོད།   འོན་ཀྱང་ངས་སློབ་སྦྱོང་ལ་ཧུར་བརྩོན་བྱས་ནས་འབྲས་བུ་ལེགས་པོ་བླངས་པ་འདི་ཁོང་རྣམ་པར་ཕུལ་བའི་ཆེས་བཟང་བའི་ལེགས་སྐྱེས་སུ་བསམ་ཡོད།
                             མཛུབ་ཁྲིད་དགེ་རྒན། གཡང་སྐྱིད་སྒྲོལ་མ།
རྩོམ་ཡིག་འདི་༢༠༡༨ལོའི་ཟླ༤བའི་ཚེས༨ཉིན་གྱི་རྨ་ལྷོའི་བོད་ཡིག་ཚགས་པར་དུ་བཀོད་ཡོད།
 
 微信图片_20180412093838.jpg
ཕ་ཡུལ་གྱི་ཁ་བ།
                          ལྔ་གཉིས་འཛིན་གྲྭ   དཔལ་སྒྲོན་མཚོ་མོ།
     སྟོན་ཁའི་དུས་སུ་དབྱིག་འཛིན་སྒེག་མོས་མཛེས་སྡུག་ལྡན་པའི་དབྱར་ལྭ་ཡུན་གྱིས་ཕུད་ནས་གསེར་མདོག་གི་ལྭ་བ་ཞིག་མནབས་བྱུང་། ནམ་མཁའ་གཡའ་དག་ཅིང་སྤྲིན་བྱེའུ་མགོ་ཙམ་ཡང་མཐོང་རྒྱུ་མེད། ཁྲུང་ཁྲུང་དཀར་མོ་གྲལ་ཕྲེང་བསྒྲིགས་ནས་ལྷོ་ཕྱོགས་ཚ་བའི་ཡུལ་དུ་དགུན་སྐྱེལ་བར་འཕུར་སོང་ལ། ཁོར་ཡུག་གི་བྱ་བྱིའུ་དང་འབུ་སྲིན་ཡང་ཇེ་ཉུང་དུ་གྱུར་ནས་དགུན་གྱི་གྲང་ངར་མྱོང་བར་བྱོལ་བ་དང་འདྲ།   འབྲུ་དྲུག་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་གཡོ་བའི་ས་ཞིང་ཡང་གནག་སྣུམ་དུ་བསྒྱུར་ནས་ངལ་གསོས་པ་དང་འདྲ།
     ཅང་མ་འགོར་བར། དགུན་ཁ་སླེབས་བྱུང་། གནམ་གཤིས་ཇེ་འཁྱག་ཏུ་སོང་། ཆུ་བོ་དང་གཙང་པོ་སོགས་ལ་དར་ཆགས། དགུན་ཁ་སླེབས་པ་དང་བསྟུན་ནས་ཕ་ཡུལ་ལའང་ཁ་བ་ཆེན་པོ་ཞིག་བབས། ཁོ་ར་ཁོར་ཡུག་ཀུན་ཏུ་རབ་དཀར་གྱི་ཁ་བས་གཡོགས་ཤིང་ཕ་ཡུལ་ནི་དངུལ་མདོག་གི་འཇིག་རྟེན་ཞིག་དང་འདྲ་ཞིང་།སྐྱེ་དངོས་ཡོད་ཚད་ཀྱིས་རབ་དཀར་སྲིང་བལ་གྱི་ལྭ་བ་གྱོན་པ་ལྟར་སྐྱེ་འགྲོ་རྣམས་ཀྱི་ཡིད་ཀྱི་དབང་བོ་ཅིག་ཅར་དུ་འཕྲོག་པར་བྱེད། བྱིས་པ་རྣམས་ཀྱིས་ལྗིད་ཏིག་ཏིག་གི་དཔེ་ཁུག་ཕོག་སྟེ་ལྭ་བ་མཐུག་པོ་གྱོན་རྗེས་མྱུར་ཏུ་སྒོ་ཁའི་ཕྱོགས་སུ་བརྒྱུགས་ནས་ཁ་བའི་ནང་རྩེས་བཞིན་ཡོད། ལ་ལས་ཁ་བའི་མི་བཟོ་བ་དང་། ལ་ལས་ཁ་བའི་ཁང་བ་དང་སྲོག་ཆགས་སྣ་ཚོགས་བཟོས། ང་ཡང་ཁོ་ཚོ་དང་མཉམ་དུ་གང་དགའ་གང་སྐྱིད་ཀྱིས་རྩེས། ཨེ་མ། ཁ་བས་ང་ཚོར་མཛེས་སྡུག་བསྐྱལ་འོང་ཞིང་།    སྤྲོ་སྐྱིད་དང་རེ་བ་ཡང་བསྐྱལ་འོངས་པས་ཕ་ཡུལ་གྱི་ཡུལ་མི་རྣམས་དགའ་སྤྲོའི་རྣམ་པར་ཁེངས་ཡོད་དོ།།
མཛུབ་ཁྲིད་དགེ་རྒན། ལྷ་རྩེ་རྒྱལ།
རྩོམ་ཡིག་འདི་༢༠༡༨ལོའི་ཟླ༤བའི་ཚེས༨ཉིན་གྱི་རྨ་ལྷོའི་བོད་ཡིག་ཚགས་པར་དུ་བཀོད་ཡོད།
 微信图片_20180412093827.jpg
ངའི་ཕ་ཡུལ།
                                དྲུག་གཅིག་འཛིན་གྲྭ   རིག་འཛིན་རྡོ་རྗེ།
ངའི་ཕ་ཡུལ་ནི་དུས་བཞིར་རབ་དཀར་ཁ་བས་གཡོགས་པའི་སྲིན་པོ་རི་བོའི་ཕང་པ་རུ་གནས་ཡོད། ཡུལ་དེའི་ཕྱོགས་བཞི་རི་བོས་བསྐོར་ཡོད་པ་དང་། དུས་བཞིའི་རྣམ་པ་ཧ་ཅང་གསལ་ལ་སོ་སོར་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད། དཔྱིད་རླུང་དལ་གྱིས་ལྡང་བ་དང་བསྟུན་ནས་ས་གཞི་ཐམས་ཅད་དྲོད་ཀྱིས་གཏམས་ནས་ག་ས་གང་དུ་མེ་ཏོག་དང་ལྗོན་ཤིང་།  རྩི་ཤིང་མང་པོ་སྐྱེས་མགོ་ཚུགས་པར་མ་ཟད་འཁྱགས་པས་བསྡམས་པའི་ཆབ་རོམ་ཚང་མ་བཞུས་ནས་ས་གཞི་ཡོངས་རྫོགས་སྣུམ་ཞིག་སེ་འགྲོ་ལ་ལུང་བ་དང་གྲམ་པའི་མཐིལ་ན་ཆུ་ཕྲན་དག་གིས་གླུ་དབྱངས་སྙན་མོ་ཞིག་ལེན་གྱིན་ཐུར་དུ་འབབ་བཞིན་འདུག   དབྱར་ཁར་རི་དང་ལུང་བ་མེད་པར་ག་ས་གང་དུ་སྔོ་ལྗང་གི་མཛེས་སྡུག་ལྡན་ལ་མེ་ཏོག་གི་དྲི་ཞིམ་ཕྱོགས་བཞིར་འཐུལ་ཡོང་བ་ན།   བཟོ་བོ་སྟོང་གིས་འཐག་པའི་ས་གདན་སྔོན་མོ་ཞིག་མེ་ཏོག་གི་ཕྲ་བརྒྱན་བཏབ་ནས་གནས་འདིར་བཏང་བ་དང་ཀུན་ནས་མཚུངས།  ཚ་བ་ཧ་ཅང་ཆེ་དྲག་པས་ལོ་ལོན་དང་དར་མ་འགའ་རེའི་སྡོང་བོའི་གྲིབ་བསིལ་འོག་ཏུ་ཁ་བརྡ་སྣ་ཚོགས་བྱེད་བཞིན་མཆིས་ལ་བྱིས་པ་རྣམས་སྔ་མོ་ནས་ཚ་བས་མ་གཟོད་པར་ཆུ་ཁར་མྱུལ་སོང་། སྟོན་རླུང་ཤག་ཤག་ཏུ་ལྡང་བ་དང་བསྟུན་ནས་ས་གཞི་ཐམས་ཅད་སེར་བོ་གསར་གྱི་མདངས་འཛིན་ལ་སྡོང་བོའི་ལོ་མ་དག་ཤག་ཤག་ཏུ་ས་ལ་ལྷུང་། ཞིང་བ་མང་ཚོགས་ཀྱིས་ཞིང་ས་གྲུ་བཞིའི་ཐོག་ན་དགའ་བའི་གླུ་ལེན་བཞིན་སྟོན་ལས་ལ་བྲེལ་བར་འདུག དགུན་ཁར་གྲང་རླུང་འུར་འུར་ལྡང་བ་དང་མཉམ་དུ་ནམ་ཟླ་རིམ་བཞིན་ཇེ་འཁྱག་ནས་ཇེ་འཁྱགས་དུ་སོང་སྟེ་ཁ་བ་དཀར་བོ་ལྷབ་ལྷུབ་དུ་འབབ་པ་དང་བསྟུན་ནས་མི་རྣམས་ཀྱིས་ཀྱང་གོན་པའང་ཇེ་མཐུག་ལ་གཏོང་བཞིན་འདུག 
འདི་ནི་ངའི་ཕ་ཡུལ་སྟེ་གཅན་ཚ་མདའ་རྫོང་གཡང་གི་རྭ་བ་ཡིན།
                      མཛུབ་ཁྲིད་དགེ་རྒན།གཡང་སྐྱིད་སྒྲོལ་མ།
རྩོམ་ཡིག་འདི་༢༠༡༨ལོའི་ཟླ༤བའི་ཚེས༨ཉིན་གྱི་རྨ་ལྷོའི་བོད་ཡིག་ཚགས་པར་དུ་བཀོད་ཡོད།
微信图片_20180412093856.jpg
སྤྲོ་སྐྱིད་ལྡན་པའི་ལྟ་སྐོར་ཐེངས་ཤིག་ཡིན།
                                ལྔ་གསུམ་འཛིན་གྲྭ གཡང་ཕྱུག་སྒྲོལ་མ།
    ད་ལོ་དབྱར་གནང་གི་དུས་སུ།   ངེད་བཟའ་མི་རྣམས་རླངས་འཁོར་ལ་བསྡད་དེ་བླ་བྲང་ལ་མཇལ་བསྐོར་དུ་སོང་། ལམ་བར་དུ་མུ་མཐའ་མེད་པའི་རྩྭ་ཐང་དང་མཛེས་ཤིང་སྡུག་པའི་ནགས་རིའི་མཛེས་ལྗོངས་ཡིད་དུ་འོང་བ་མང་པོ་འདུག བླ་བྲང་ལ་ཐོན་རྗེས་ང་ཚོས་ཐོག་མར་བསང་ཕུད་རྗེས། ལྷ་ཁང་རེ་རེར་མཇལ་བསྐོར་བྱས་ནས་ཕྱི་བསྐོར་བརྒྱབ། དེ་རུ་མཇལ་བསྐོར་བ་དང་ལྗོངས་རྒྱུ་བ་མང་པོ་ཡོད། དད་ལྡན་པ་ལ་ལས་ཕྱག་འཁོར་ལོ་མ་འཚལ་ཏེ་ཕྱི་བསྐོར་བརྒྱག་བཞིན་ཡོད། ཕྱི་བསྐོར་ལམ་གྱི་མཚམས་མཚམས་སུ་སློང་མོ་བ་རེ་འགས་སློང་མོ་བྱེད་བཞིན་མཆིས། ང་ཚོས་ཡུད་ཙམ་ལ་ངལ་གསོས་རྗེས།གཙོས་་གྲོང་ཁྱེར་ལ་སོང་ནས་མགྲོན་ཁང་སྐྱིད་པོ་ཞིག་གི་ནང་དུ་བསྡད།
ཕྱི་ཉིན། ང་ཚོས་མགྲོན་ཁང་ནས་ཞོགས་ཟས་ཟོས་རྗེས། ཨ་མ་འབྲུག་མཚོ་ཟེར་བའི་མཚོ་མོ་གྲགས་ཅན་ཞིག་ཡོད་པ་དེར་སོང་། ཨ་མ་འབྲུག་མཚོ་ནི་རི་བོའི་རྩེ་ན་ཡོད་ལ་ཨ་མ་ཟོར་དགུའི་བླ་མཚོ་ཡིན་པར་བཤད། ང་ཚོ་རི་རྩེ་རུ་འཐེན་པའི་རྡོ་སྐས་ལ་འཛེགས་ཏེ་དུས་ཚོད་ཕྱེད་ཙམ་ལ་སོང་བ་ན་ཨ་མ་འབྲུག་མཚོ་ཁར་སླེབས་ཤིང། མཚོ་གྲུ་ཆུང་ཆུང་ཞིག་ལ་བསྡད་ནས་མཚོ་མོར་བསྐོར་བ་བརྒྱབ། མཚོ་གྲུ་ཁ་ལོ་བས་མཚོ་གྲུ་བསྐོར་ན་ཉ་མོ་ཆུ་ལ་རྐྱལ་བ་དང་འདྲ་བར་གཡས་གཅུས་གཡོན་གཅུས་བྱས་སྟབས། ང་ཚོ་སྐྲག་ནས་ངུ་འབོད་བྱས་པ་དང་ལ་ལ་དགའ་ནས་ཀི་རིང་བཏབ། མཚོ་མོ་དེའི་ཕར་ངོགས་ལ་སླེབས་རྗེས། མེ་ཏོག་སྣ་ཚོགས་ཁྲ་ཆིལ་ལེར་བཞད་པའི་སྤང་ཐང་ཆུང་ཆུང་ཞིག་ཡོད། དེ་ན་རྟ་ལ་ཞོན་རྒྱུ་ཡོད་ལ་རྟ་ཐོག་ནས་པར་བླངས་ནའང་ཆོག ཨ་མ་འབྲུག་མཚོའི་ཁོ་ར་ཁོར་ཡུག་ནི་ངོ་མ་ལྷ་ཡུལ་དང་ཨ་ན་མ་ན་རེད།
     འདི་ནི་དབྱར་གནས་སྐབས་ཀྱི་ང་རང་ཆེས་སྤྲོ་སྐྱིད་ལྡན་པའི་ལྟ་སྐོར་ཐེངས་ཤིག་ཡིན་ལ།  ཆེས་བརྗེད་དཀའ་བའི་མཐོང་ཐོས་ཤིག་ཀྱང་ཡིན་ནོ།།
                                              མཛུབ་ཁྲིད་དགེ་རྒན།འགྱུར་མེད།
རྩོམ་ཡིག་འདི་༢༠༡༨ལོའི་ཟླ༤བའི་ཚེས༨ཉིན་གྱི་རྨ་ལྷོའི་བོད་ཡིག་ཚགས་པར་དུ་བཀོད་ཡོད།
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།